དབུ་ཤོག>གསར་འགྱུར།
  • གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་ནས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལས་དོན་ཞིབ་འཇུག་བཀོད་སྒྲིག་གཏིང་ཟབ་བྱས་པ་དང་འབྲེལ《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཆེད་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཡོངས་ཀྱིས་བརྟག་ཞིབ་ཚོགས་ཆུང་7དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5སྒྲིག་འཛུགས་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་། དོན་དངོས་དང་མཐུན་པ། གནས་ཚུལ་མཐིལ་རྟོགས། དབུལ་སྐྱོར་བྱ་ཡུལ་ཁ་གསལ་བཅས་ཀྱི་བླང་བྱ་གཞིར་བཟུང་དུས་ཡུན་ཉིན་40ལྷག་ཙམ་ནང་གནད་སྨིན་དབུལ་སྐྱོར་གྱི་བརྟག་དཔྱད་ཆེན་པོ་བྱས་ཡོད། སྤྱིའི་ཆ་ནས་བལྟས་ཚེ་ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་ནས་དབུལ་པོའི་མི་གྲངས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པས་དབུལ་སྐྱོར་ལས་དོན་ལ་ཁས་ལེན་བྱེད་འོས་པ་ཞིག་ཡོད། དེ་དང་ཆབས་ཅིག་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ནི་བོད་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དང་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ས་ཁོངས་དང་འཐབ་ས་གཙོ་བོ་དེ་ཡིན་པས་དབུལ་སྐྱོར་བྱེད་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགྲན་སློང་ཆེ་ཤོས་དང“ཞན་ཆ”དེ་ཡིན་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་མང་ཚོགས་དབུལ་པོ་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་སྐྱེལ་མ་ཐུབ་ཚེ་ལྗོངས་ཡོངས་སུ་འབྱོར་འབྲིང་མངོན་འགྱུར་ཡོང་ཐབས་མེད། བོད་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་འགག་རྩ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་ཐུག་ཡོད། དེར་བརྟེན་རིམ་ཁག་སྡེ་ཚན་ཁག་གིས་ཁྱོན་ཡོངས་ལ་དམིགས་ནས་བོད་དུ་དབུལ་སྒྲོལ་འགག་སྒྲོལ་ཐུབ་པ་བྱེད་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་འགག་རྩའི་བྱ་ཐབས་ཤིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་གལ་ཆེའི་འགན་ལེན་ཞིག་བཅས་ཡིན་ལུགས་གསལ་པོ་ཤེས་པ་བྱེད་དགོས། བསམ་སྦྱོར་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལེགས་པར་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་དང་གང་མགྱོགས་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པོ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་ཕྱོགས་ཡོངས་འབྱོར་འབྲིང་གི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་བོད་ཀྱི་གནས་ཚུལ་དང་བསྟུན་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གནས་ཚུལ་མཐིལ་རྟོགས་ཀྱིས་དབུལ་སྐྱོར་བྱ་ཡུལ་ཁ་གསལ་ཡོང་བ་དང་། དམིགས་ཚད་གཏན་འཁེལ་གྱིས་ལས་འགན་ཁ་གསལ་ཡོང་བ། གཙོ་གནད་མངོན་གསལ་དོད་པོས་འགག་རྩར་དམ་འཛིན་བྱེད་པ། གནད་སྨིན་དབུལ་སྐྱོར་དུད་ཚང་དང་གྲོང་མིར་དོན་འཁྱོལ་ཐུབ་པ། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། རྩ་འཛུགས་ཀྱི་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ནན་པོ་བྱེད་པ། རྣམ་པ་བཟང་པོ་གཏོད་པ། དམིགས་ཚད་དེ་བས་ཁ་གསལ་དང་། བྱ་ཐབས་དེ་བས་ནུས་ལྡན། བྱ་སྤྱོད་དེ་བས་ཕན་འབྲས་ལྡན་པ་བཅས་ཀྱི་ཐོག་ནས་དབུལ་སྐྱོར་དབུལ་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་རིམ་སྤོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་འགྱུར་ལྡོག་གསར་པ་དང་འཚམ་པ་བྱས་ནས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་འོས་འཚམ་བྱེད་པ་དང་། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་བ་དང་། ཡུལ་སྐོར་ལས་གཉེར་བ། ཡུལ་སྐོར་ལས་དོན་ནང་ཞུགས་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུ་དེ་དགོས་མཁོ་ཆེན་པོ་ཡོད། འཆར་ཟིན་དེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་ཕན་པ་དང་འཛམ་གླིང་གི་གལ་ཆེའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱ་ཕྱིར་བཅའ་ཁྲིམས་ཀྱི་འགན་ལེན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་དང་། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་འཆར་ཟིན་དེར་བཟོ་བཅོས་སྔར་བས་བརྒྱབ་རྗེས་གོ་རིམ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།