དབུ་ཤོག>གསར་འགྱུར།
  • སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-11-10

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་རྒྱུའི་གདོང་མཆོང་དུང་བརྡ་བསྒྲགས་ཏེ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བཏོན་ནས་འབྱུང་འགྱུར་གྱི་ཀྲུང་གོར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད། མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པའི་ཀྲུང་གོས་ཅི་ཞིག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་སམ། ཅི་ཞིག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དང་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་དགོས་སམ།

    སྒྱུར་བཅོས་ནི་སྙིང་སྟོབས་ཀྱི་ཉམས་འགྱུར་ཡིན་པའི་ཆ་ནས་དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ནས་མཇུག་བར་ཁྱབ་པའི་རྩ་བའི་དགོངས་གཞི་ཡིན་ལ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི”རྨང་གཞིའང་ཡིན། ཚང་འཛོམས་གྲོས་ཚོགས་ཐོག“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོར་ཆགས་པ་དང་ལག་བསྟར་ཏན་ཏིག་བྱ་རྒྱུ་དེ་རང་རྒྱལ་གྱི་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བའི་སྒྱུར་བཅོས་ཟབ་མོ་ཞིག་ཡིན་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་གྲུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་སྲིང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ངེས་པར་དུ“སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས”ཀྱི་རྩ་དོན་གལ་ཆེན་ལ་བརྩི་སྲུང་བྱེད་དགོས། སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཡིན་པ་དང་། སྒྱུར་བཅོས་ནི་གསར་གཏོད་ཀྱི་འབྱུང་ཁུངས་ཟད་མཐའ་མེད་པ་ཞིག་ཡིན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་ཆོད་སེམས་དང་དཔའ་སྤོབས་སྔར་བས་ཆེན་པོའི་སྒོ་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས་པ་དང་། དེ་ནི་འགྲན་སློང་ལ་ཁ་གཏད་གཅོག་པ་ཙམ་མིན་པར་དེ་བས་ཀྱང་གོ་སྐབས་དམ་འཛིན་གྱི་ཆེད་ཡིན་པ་དང་། དུས་ཐུང་གི་དམིགས་ཚད་ཙམ་མིན་པར་ཕུགས་ལ་དམིགས་པ་ཞིག་རེད། དུས་རབས་ཀྱི་བླང་བྱ་ཙམ་མིན་པར་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་ཞེས་བསྟན་པ་རེད།

    གལ་སྲིད“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ནི་འཐབ་ཇུས་རང་བཞིན་དང་། རྩ་འཛིན་རང་བཞིན། སྣེ་ཁྲིད་རང་བཞིན་གྱི་ཤེས་རྟོགས་སྨྲ་བ་ཞིག་ཡིན་ཟེར་ན། སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་ཉིད་འཕེལ་རྒྱས་ཀྱི་ལག་ལེན་དུ་བསྒྱུར་བའི་བྱེད་ཐབས་སྨྲ་བ་ཞིག་རེད། འཕེལ་རྒྱས་ཀྱི་སྒུལ་ཤུགས་གནད་དོན་ཐག་གཅོད་པའམ་འཕེལ་རྒྱས་ཀྱི་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་གྱི་གནད་དོན་ཐག་གཅོད་པའམ་ཡང་ན་སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་གྱི་གནད་དོན་ཐག་གཅོད་པ་གང་ཞིག་ཡིན་རུང་ཚང་མ་སྒྱུར་བཅོས་ལ་བརྟེན་ནས་སྐུལ་མ་གཏོང་བ་དང་སྒྱུར་བཅོས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། ལྷག་དོན་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཐབ་ཇུས་གོ་སྐབས་དུས་མཚམས་ཀྱི་བསྟན་དོན་ལ་འགྱུར་ལྡོག་ཟབ་མོ་ཐེབས་པ་དང་། རྒྱུན་རྣམ་གསར་པར་འཕྲོད་པ་དང་། རྒྱུན་རྣམ་གསར་པར་སྟངས་འཛིན། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱས་ཏེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་ཆགས་པ། རྩ་བའི་འགྲོ་ལམ་ནི་སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་ལ་རག་ལས་པ་དང་། སྒྱུར་བཅོས་ཀྱི་ཁྲོད་ནས་སྒྲིག་སྲོལ་གྱི་སྐྱོན་ཆ་སེལ་བ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་ཞིག་རྒྱུན་མི་ཆད་པར་གཏོད་དགོས།

    སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་བྱེད་པར་སྒྱུར་བཅོས་ཀྱི་སྤྱིའི་དམིགས་ཚད་དེ་སྣེ་ཁྲིད་དུ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས་ཚེ། ཐོན་ཁུངས་བཀོད་སྒྲིག་ནང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་ཡག་པོ་འདོན་པའི་ལམ་ལུགས་མ་ལག་འཐུས་ཚང་ཡོང་བ་བྱེད་དགོས། གསར་གཏོད་སྐུལ་འདེད་ཀྱི་སྒྲིག་སྲོལ་གྱི་སྒྲོམ་གཞི་ཆགས་པ་དང་། མཐུན་སྦྱོར་འཕེལ་རྒྱས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པ། ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པ། གཞི་རྩའི་དམངས་འཚོ་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”མངོན་འགྱུར་བྱ་རྒྱུ་དེ་དག་སྲིད་གཞུང་དང་ཁྲོམ་རའི་སྟོབས་ཤུགས་གཉིས་དང་ལེགས་ཆ་གཉིས་དང་འབྲལ་ཐབས་མེད་པ་སྟེ། སྲིད་གཞུང་གིས་སྤྱི་ཁོག་དཔལ་འབྱོར་གྱི་བརྟན་ལྷིང་རྒྱུན་འཁྱོངས་དང་སྤྱི་པའི་ཞབས་ཞུ་ལེགས་སྒྱུར་བྱེད་དགོས་པ་དང་། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ལ་བཟང་སྒྲིག་དང་ཕན་འབྲས་ཆེ་ཤོས་ཅན། ལས་ཕྱོད་བཟང་ཤོས་ཅན་དུ་འགྱུར་རྒྱུའང་བྱེད་དགོས།

    སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་བྱེད་པར་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དེ་གཙོ་གནད་དུ་བྱེད་དགོས། འཕེལ་རྒྱས་ནི་རྨང་གཞི་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་མེད་ཚེ་ཐམས་ཅད་གླེང་ཐབས་མེད། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནི་བྱེད་ཐབས་གཅིག་གིས་ལེགས་ཕྱོགས་སུ་སྒྱུར་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པ་དང་སྐྲ་རྐང་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བ་ལྟ་བུའི་ནུས་པ་ལྡན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་རྒུད་པའི་གནོན་ཤུགས་ཆེ་ཙམ་ཡོད་པའི་ནང་གོ་ལ་ཧྲིལ་པོའི་རང་བཞིན་དང་དུས་མཚམས་རང་བཞིན་གྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཡོད་ནའང་རྩ་བའི་ཆ་ནས་གྲུབ་ཆའི་གནད་དོན་ཞིག་རེད། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་འགག་རྩ་ནི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་རེད། བྱེད་སྟངས་ལེགས་སུ་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་ལ་དོ་སྣང་མ་བྱས་པར་དུས་ཐུང་གི་དཔལ་འབྱོར་འཕར་རྒྱུ་ཙམ་ལ་སྐུལ་སློང་སྲིད་ཇུས་ལག་བསྟར་བྱས་ཚེ་སླད་ཕྱིན་འགྲོ་སོང་ཚད་ལས་བརྒལ། ང་ཚོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དེ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་སོ་སོའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་གནོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་དག་སེལ་བ་བཅས་བྱས་ཏེ་སྤུས་ཚད་སྔར་བས་མཐོ་བ་དང་། ལས་ཕྱོད་སྔར་བས་ཆེ་བ། དྲང་གཞག་སྔར་བས་ཡོད་པ། རྒྱུན་སྲིང་སྔར་བས་ཡག་པོ་ཡོད་པ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བྱེད་དགོས།

    འདས་དོན་ལ་ཕྱིར་ལྟ་བྱས་ན། ང་ཚོར“གོམ་པ་གསུམ་སྤོ”བའི་འཐབ་ཇུས་བཀོད་སྒྲིག་གི་གོམ་པ་སྔོན་མ་གཉིས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པའི་འགག་རྩ་ནི་འགྱུར་མེད་དམ་བཅའི་ཐོག་ནས་སྒྱུར་བཅོས་ལ་སྐུལ་མ་བཏང་བས་རེད། ད་ལྟ་ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སྒྱུར་བཅོས་ཀྱི་དཔལ་འབར་ཐོགས་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཀྱི་དངོས་སྒྲུབ་མཁན་དང་སྐུལ་སྤེལ་བ་ཞིག་བྱས་ཚེ། ང་ཚོས་མི་རིགས་དར་རྒྱས་ཆེད་མུ་མཐུད་མདུན་སྐྱོད་དང་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་ཆེད་སྟོབས་ཤུགས་བཏོན་ནས་འོད་སྟོང་གསར་པ་རྒྱུན་མི་ཆད་པར་གཏོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།