ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་མི་དམངས་དུང་ཕྱུར་མང་པོའི་རང་ཉིད་ཀྱི་བྱ་གཞག་ཡིན། འཕེལ་རྒྱས་ནི་མི་དམངས་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་དེ་མི་དམངས་ལ་བརྟེན་དགོས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་འབྱོར་འབྲིང་ཕྱོགས་ཡོངས་ནས་བསྐྲུན་ཏེ་མི་དམངས་ཡོངས་ལ་བདེ་བ་ཐོབ་ཐུབ།
མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གཅིག་སྡུད་མཚོན་ཚུལ། རང་རེའི་ཏང་གིས་མི་དམངས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་མཐའ་འཁྱོངས་བྱེད་པའི་དགོས་ངེས་ཀྱི་གདམ་ག་བཅས་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུའི་འདུ་ཤེས་བཏོན་པའི་ནང་སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོར་བཞག་པ་དང་དེང་རབས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་རྩ་བའི་འགོ་འཛུཌ་ས་དང་དོན་ལ་འབབ་ས་གསལ་པོར་ཡང་བསྟན་ཡོད།
མི་ཚང་མ་མཉམ་ཞུགས་དང་། མི་ཚང་མས་འབད་བརྩོན། མི་ཚང་མས་མཉམ་སྤྱོད་བཅས་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་པའི་བརྒྱུད་རིམ་ནི་དེང་གི་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བའི་བརྒྱུད་རིམ་ཞིག་ཡིན་པ་སྟེ། ཕྱོགས་གཅིག་ནས་མི་ཚང་མར་འཕེལ་རྒྱས་ཀྱི་གོ་སྐབས་ལྡན་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུའི་འགན་ལེན་བྱས་ཏེ་མི་དམངས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་དང་།རང་འགུལ། གསར་གཏོད་བཅས་ལ་སྐུལ་མ་བཏང་ཚེ་གཞི་ནས་སྐུལ་སློང་སྒོ་ཀུན་ནས་བྱེད་ཐུབ། ཕྱོགས་གཅིག་ཤོས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི“རྒྱ་སྟོབས”རྒྱུན་མི་ཆད་པར་ཆེ་རུ་བཏང་ནའང་། བགོ་བཤའ་དྲང་སྙོམས་མིན་པའི་གནད་དོན་མངོན་གསལ་ཆེ་ཙམ་ཡོད་ཁར་ཡོང་འབབ་ཧེ་བག་དང་གྲོང་ཁྱེར་གྲོང་གསེབ་ས་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཧེ་བག་ཆེ་ཙམ་ཡོད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱི་དོན་དངོས་གནས་ཚུལ་དང་ལམ་ལུགས་ཇུས་འགོད་ལ་འཐུས་སྒོ་མི་ཚང་བའི་ཆ་གནས་ཡོད་པ་རེད། དེར་བརྟེན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་པའི་ཞབས་ཞུ་འཕར་མ་བསྒྲུབ་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ལག་བསྟར། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། ལས་ཞུགས་ལས་གཏོད་ལ་ཡར་སྐུལ། ཡོང་འབབ་ཧེ་བག་ཆུང་དུ་གཏོང་བ། སྔར་བས་དྲང་གཞག་དང་སྔར་བས་རྒྱུན་སྲིང་གི་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཟོ་བ། བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་སྤེལ། མི་འབོར་དོ་སྙོམས་འཕེལ་རྒྱས་ལ་སྐུལ་གཏོང་བཅས་ཕྱོགས་བརྒྱད་ཀྱི་ཐད་བཀོད་སྒྲིག་བྱས་ཤིང་། དེ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ནུས་ལྡན་ལམ་ལུགས་བཀོད་སྒྲིག་བྱས་པ་ཞིག་ཡིན་ལ་རང་རེས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་མ་གཏོང་རྒྱུར་ཤུགས་རྒྱག་གཞི་གལ་ཆེན་ཡང་ཡིན།
འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་མཐའ་འཁྱོངས་བྱེད་པར་ཐོག་མར་གནས་བབ་གཙོ་བོ་ཡིན་པའི་མི་དམངས་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་མི་དམངས་ཡོངས་ལ་ཕན་འདོགས་པའི་འབྱོར་འབྲིང་ཞིག་ཡིན་པས“ཕྱུག་པོས་དངུལ་སྨར་འབུམ་ཐེར་གསོག་པ་དང་། དབུལ་པོ་ལྟོ་སྐྱ་གོས་ཧྲུལ”གཏན་ནས་མི་ཐོན་པར་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་སྙེག་དགོས་པའི་མདུན་སྐྱོད་ཅིག་ཡིན། དེང་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་7000ལྷག་དབུལ་སྒྲོལ་བྱ་རྒྱུ་ནི་མངོན་གསལ་དོད་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པས་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཞི་རྩའི་མཚོན་རྟགས་ཡིན། མ་མཐའི་འགན་བཅོལ་མི་འབོར་ཁྲི་1800ཙམ་དང་། ལོ་ན་65ཡན་གྱི་བགྲེས་སོང་དུང་ཕྱུར་1.3ལྷག་ཙམ། གྲོང་ཁྱེར་གྲོང་རྡལ་དུ་ལས་ཀ་བྱེད་པའི་ཞིང་པ་ལས་མི་དུང་ཕྱུར་2ཙམ། གྲོང་ཁྱེར་ཆེན་པོར་ལས་ཞུགས་བྱེད་པའི་སློབ་ཆེན་སློབ་ཐོན་སློབ་མ་ཁྲི་ཕྲག ལས་ཤོར་མི་སྣ་ཁྲི་900ལྷག་སོགས་དམིགས་བསལ་མི་ཚོགས་ཐད་མཐའ་ཐིག་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་སྣེ་ཁྲིད་ཁར་གོ་སྐབས་དྲང་གཞག་ལ་སྔར་བས་དོ་སྣང་དང་། གཞི་རྩའི་དམངས་འཚོར་ཤུགས་རྒྱག་པ། ཁོང་ཚོར་འཕྲད་པའི་དམིགས་བསལ་དཀའ་ངལ་ལ་གཞིགས་ནས་ཐབས་བརྒྱ་ཇུས་སྟོང་ངང་གནད་དོན་ངོ་མ་སེལ་རོགས་བྱེད་དགོས།
ལམ་ལུགས་འཛུགས་སྐྱོང་ལ་རྩ་བའི་རང་བཞིན་ལྡན། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་མཐའ་འཁྱོངས་བྱེད་པར་སྔར་བས་ནུས་ལྡན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ཡོང་བར་ནུས་པ་གལ་ཆེན་ལྡན་པའི་ལམ་ལུགས་བཟོ་མགྱོགས་སུ་གཏོང་དགོས་ལ་དབང་ཆ་དྲང་གཞག་དང་། གོ་སྐབས་དྲང་གཞག སྒྲིག་སྲོལ་དྲང་གཞག་བཅས་ནང་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་དྲང་གཞག་འགན་སྲུང་མ་ལག་ཅིག་རིམ་གྱིས་བསྐྲུན་དགོས་པ་དང་། དྲང་གཞག་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་བསྐྲུན་ནས་མི་དམངས་འདྲ་མཉམ་ངང་མཉམ་ཞུགས་དང་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་དབང་ཆ་འགན་ལེན་ཐུབ་པ་བྱ་རྒྱུ་ནི་འགག་རྩ་ཡིན། འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱི་ཕན་པ་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པ་བྱས་ནས་མཐར་གཏུགས་ན་ལམ་ལུགས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། དྲང་གཞག་དང་དྲང་བདེན་གྱི་ལམ་ལུགས་ཡོད་ཚེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བར་གཞི་ནས་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ།
“རྒྱལ་ཁམས་སྐྱོང་བར་སྔོན་ལ་སྤྱི་སེམས་དགོས། སྤྱི་སེམས་ལྡན་ཚེ་གནམ་འོག་བདེ་ལ་འཁོད”འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་གཞག་མཉམ་སྤྱོད་བྱས་ཚེ་འབྱོར་འབྲིང་ཕྱོགས་ཡོངས་ཐད་གཞི་ནས་མི་སེམས་གཅིག་ཏུ་བསྒྲིལ་ཐུབ་པ་དང་། མི་དམངས་བདེ་ལ་འཁོད་ཚེ་གཞི་ནས་ཀྲུང་གོ་འདི་ཉིད་དེང་རབས་ཅན་གྱི་བགྲོད་ལམ་དུ་མདུན་སྐྱོད་བརྟན་པོ་བྱེད་ཐུབ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ལ་སྔར་བས་དྲོད་ཚད་ལྡན་པ་དང་བདེ་སྐྱིད་ལ་སྔར་བས་སྤུས་ཚད་ལྡན་པ་བྱས་ཚེ། གཞི་ནས་ང་ཚོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་དང་མི་དམངས་ཀྱི་མཐུན་སྒྲིལ་རྒྱུན་མི་ཆད་པར་ཟབ་ཏུ་སོང་ནས་ཀྲུང་གོ་བ་དུང་ཕྱུར་13ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་ངེས་ཡིན།