དབུ་ཤོག>གསར་འགྱུར།
  • སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཁེ་མངོན་འགྱུར་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-11-06

    སྒོ་དབྱེ་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་སྒོ་བརྒྱབ་ཚེ་རང་ངོས་ཀྱི་སྐྱེ་སྟོབས་ལ་ཚོད་འཛིན་ཐེབས་རྒྱུ་ལས་གཞན་མ་མཆིས། འཛམ་གླིང་གི་མིག་རྒྱང་ཐོག་ནས་དུས་གནས་རྟོགས་དཔྱོད་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་འཆར་གཞི་འདིང་རྒྱུ་དེ་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་པའི་ཀྲུང་གོའི་ལྡོག་མེད་གདམ་ག་རེད།

    “ངེས་པར་དུ་རང་རྒྱལ་གྱི་དཔལ་འབྱོར་འདི་ཉིད་འཛམ་གླིང་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དང་བསྟུན་ནས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་རིམ་པ་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྤྱི་པའི་ཐོན་ཟོག་མཁོ་སྤྲོད་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ཀྱི་རང་རྒྱལ་གྱི་ལམ་ལུགས་རང་བཞིན་གྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་དང་  རྒྱ་ཆེའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་གཏོད་དགོས” ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཁྲོད“སྒོ་དབྱེའི་འཕེལ་རྒྱས”ཀྱི་འདུ་ཤེས་བཏོན་ནས་མཉམ་ལས་གཉིས་ཁེ་མངོན་འགྱུར་ཧུར་ཐག་བྱེད་པར་འཕེལ་རྒྱས་གཏོང་བའི་ཕྱི་ནང་མཉམ་འགུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱ་རྒྱུ་དེས་ཕྱི་ཕྱོགས་སྒོ་དབྱེའི་ནང་དོན་ཕུན་སུམ་ཚོགས་སུ་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་གོང་མཐོར་བཏང་ཐོག་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྦྱིན་པ་དང་། གསོན་ཤུགས་གསར་པ་སྣོན་པ། བར་མཐོངས་གསར་པ་རྒྱ་སྐྱེད་བཅས་གཏོང་རྒྱུ་རེད།

    ཏེང་ཞའོ་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ཐོག་མར་སྒོ་བརྒྱབ་ནས་འཛུགས་སྐྲུན་བྱེད་པ་དེ་གྲུབ་འབྲས་མི་ཐོབ་པ་ཞིག་ཡིན་ཞེས་ཏང་ཡོངས་ལ་བསླབ་བྱ་གནང་ཡོད། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དེ་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་མགྱོགས་མྱུར་བསྐྲུན་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “ཕྱིར་སྐྱོད་པའི”འཐབ་ཇུས་ལག་བསྟར་མགྱོགས་མྱུར་བྱེད་པ། རང་མོས་ཚོང་དོན་ཁུལ་འཛུགས་པ་བཅས་བྱས་ཐོག་ཕྱི་ཕྱོགས་སྒོ་དབྱེའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་སྔར་བས་ཆེ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་བཀོད་པ་ཞིག་ཆགས་བཞིན་ཡོད།

    དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་སྒྲིག་སྲོལ་ལེགས་སྒྲིག་འགངས་ཆེན་བྱེད་པའི་དུས་བབ་འཕྲད་པ། ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། མྱུར་ཚད་བཅས་ཚང་མའི་ཐད་སྔོན་ཆད་དང་བསྡུར་ཐབས་མེད་པ་ཞིག་ཡིན་པ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཉེན་ཁར་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་གནོན་ཤུགས་ཀྱང་སྔོན་ཆད་དང་བསྡུར་ཐབས་མེད་པ་བཅས་རེད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ”བཏོན་པ་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འབྲེལ་བའི་ཁྲོད་འཕེལ་རྒྱས་འཆར་འགོད་བྱེད་པ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནུས་པ་མཐོ་རུ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་རྒྱལ་སྤྱིའི་མིག་རྒྱང་ཡངས་པོ་མཚོན་ཐུབ་ཀྱི་ཡོད།

    ད་ཆའི་ཀྲུང་གོ་འདི་ཉིད་འཛམ་གླིང་དང་སྤེལ་རེས་གཏིང་ཟབ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། གོ་ལ་ཧྲིལ་པོའི་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་། ནང་འདྲེན་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ། འཛམ་གླིང་གི་ཕྱི་དངུལ་ཚུར་འགུགས་བྱེད་པའི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཕྱི་ཕྱོགས་ལ་མ་འཇོག་བྱེད་པའི་རྒྱལ་ཁབ་ཆེན་པོ་ཨང་གསུམ་པ་བཅས་ཡིན་པའི་ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་བྲལ་ཐབས་མེད་ལ་འཛམ་གླིང་གི་དར་རྒྱས་གོང་འཕེལ་དེའང་ཀྲུང་གོ་དང་ཁ་བྲལ་ཐབས་མེད། དེང་སྐབས་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་པོ་དེ་ཙམ་མེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་ཡག་པོ་སྤྱོད་པའི་ནུས་པ་ད་དུང་ཆེན་པོ་དེ་ཙམ་མེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་ཧེ་བག་ལ་ཁ་གཏད་གཅོག་པ་དང་རྒྱལ་སྤྱིའི་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་དབང་བརྩོན་ལེན་བྱེད་ནུས་ད་དུང་ཞན་ཙམ་ཡོད་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་སྤྱོད་པའི་འཇོན་ཐང་ཡང་དེ་ཙམ་ཆེན་པོ་མེད་པ་བཅས་རེད།

    གོམ་སྟབས་རྗེས་མའི་འཕེལ་རྒྱས་ཁྲོད་དགེ་སྤེལ་སྐྱོན་སྤོང་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་དགོས་ཚེ་ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེའི་སྤུས་ཚད་དང་འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འགུལ་རང་བཞིན་ཇི་ལྟར་བྱས་ཏེ་གོང་མཐོར་གཏོང་བར་ཞིབ་འཇུག་ནན་ཏན་བྱས་ནས་ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཉིས་ཕན་མཉམ་ལས་ཀྱི་བཀོད་པ་ཆགས་ཐབས་བྱེད་པར་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་ལེགས་གཏོང་ལ་སྐུལ་འདེད་བཏང་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲོས་རིམ་ལ་ཁྲིད་སྟོན་དང་སྒོ་དབྱེའི་འཕེལ་རྒྱས་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ནམ་ཡང་རྒྱག་མི་སྲིད”ཅེས་བབ་བརླིང་ལྡན་པའི་ངང་གསུངས་མྱོང་ཡོད། སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་བྱེད་པ། ཕྱི་ཕྱོགས་སྒོ་དབྱེའི་ས་ཁོངས་བཀོད་པ་དང་། ཕྱི་ཕྱོགས་ཚོང་དོན་བཀོད་པ། མ་འཇོག་བཀོད་པ་བཅས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྒོ་དབྱེ་རྒྱ་ཆེར་བཏང་ནས་གསར་གཏོད་ལ་སྐུལ་ཁྲིད་དང་། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱེད་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་དྲུག་ཐད་ནས་སྒོ་དབྱེའི་འཕེལ་རྒྱས་བཀོད་སྒྲིག་བྱས་པ་སྟེ། ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་བཀོད་པ་འཐུས་ཚང་དུ་བཏང་ནས་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་གསར་པ་ཆགས་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནང་ས་དང་། ཤང་ཀང་དང་ཨའོ་མོན། སྐམ་ས་ཆེ་མོ། ཐའེ་དབན་ས་ཁུལ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཐོག་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ཧུར་ཐག་འཁུར་དགོས། བཀོད་སྒྲིག་དེ་ལྟ་བུར་གཞིགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པར”འབད་འཐབ་བྱས་ཚེ་ང་ཚོས་སྒོ་དབྱེའི་འཕེལ་རྒྱས་ཀྱི་ཐོག་ནས་མཉམ་ལས་གཉིས་ཁེ་མངོན་འགྱུར་ཐུབ་ཐོག་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་ཐད་དྲང་ནུས་སྟོབས་ཆེན་ཞིག་སྦྱིན་ཐུབ་རྒྱུ་རེད།

    སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་དཔལ་འབྱོར་དམིགས་བསལ་ཁུལ་བསྐྲུན་པ་ནས་ཕྱི་ཕྱོགས་སྒོ་དབྱེའི་ཚོང་དོན་ལ་སྐུལ་མ་གཏོང་བ་དང་ཕྱི་ཕྱོགས་ཀྱི་མ་རྩ་སྤྱོད་པའི་བར་དང་སླར་ཡང་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་བར་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་དེའང་ཕྱི་ཕྱོགས་སྒོ་དབྱེ་ཟམ་མི་ཆད་པར་རྒྱ་ཆེར་དང་གཏིང་ཟབ་ཏུ་གཏོང་བའི་ལོ་རྒྱུས་ལམ་ཚད་ཅིག་རེད། དུས་རབས་གསར་པའི་ཆ་རྐྱེན་འོག་སྒྱུར་བཅོས་འཕེལ་རྒྱས་མཐའ་འཁྱོངས་དང་མཉམ་ལས་གཉིས་ཁེ་མངོན་འགྱུར་བྱས་ཚེ་ང་ཚོས་ཡངས་པའི་རྒྱ་མཚོ་ཆེ་མོར“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་ཞིག་བཏང་སྟེ་རྒྱལ་ཁ་ནས་དེ་བས་ཆེ་བའི་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།