གསར་གཏོད་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་གསར་གཏོད་ལ་དམ་འཛིན་བྱེད་པ་དེ་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་གསར་གཏོད་དོན་གཉེར་བྱེད་པ་དེ་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད།
“གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་ངེས་པར་དུ་འཇོག་དགོས”ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ”བཏོན་པའི་ནང“གསར་གཏོད་འཕེལ་རྒྱས”དེ་ཨང་དང་པོར་བཞག་ཡོད། གལ་ཏེ་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་དེ་སྣོན་རྩིས་ཤིག་ཡིན་ཚེ་གསར་གཏོད་འཕེལ་རྒྱས་དེ་སྒྱུར་རྩིས་ཤིག་ཡིན། གསར་གཏོད་འཕེལ་རྒྱས་གཏོང་བར་དོ་སྣང་བྱེད་དགོས་པ་ཞིག་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ལྷུ་ཚིགས་ཁག་ལ་ཁྱབ་ཡོད། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཡིན་ནའང་འདྲ་ཡང་ན་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་བསྟར་བྱེད་པ་ཡིན་ཡང་རུང་། ཐེམ་ཐོ་དང་། ཁྲིམས་འཛིན། སློབ་གསོ་སོགས་ཐད་ཀྱི་སྒྱུར་བཅོས་བྱེད་ཐབས་ཡང་ཡང་འདོན་པ་ཡིན་ནའང་འདྲ་ཡང་ན“དྲ་སྦྲེལ་+”དང“ཀྲུང་གོའི་བཟོ་སྐྲུན་2025”མཉམ་དུ་འཕེལ་རྒྱས་བཏང་བ་ཡིན་ཡང་རུང་འདུ་ཤེས་གསར་པ་དང། བསམ་ཕྱོགས་གསར་པ། འཚོལ་ཞིབ་གསར་པ་བཅས་རབ་དང་རིམ་པས་ཀྲུང་གོའི་འཕེལ་རྒྱས་ཆེད་བསམ་བློའི་འཁྱེར་སོ་གསར་པ་ཟམ་མི་ཆད་པར་གསར་འབྱེད་བྱེད་བཞིན་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་སྐབས་དང་འཕེལ་ཕྱོགས། དཀའ་ཚེགས། ཉེན་ཁ་བཅས་ལས་ང་ཚོར་གསར་གཏོད་འཕེལ་རྒྱས་ཀྱི་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་རེད།
རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གྲ་སྒྲིག་བྱས་ཟིན་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་འགོ་འཛུགས་ས་མཐོ་བའི“བཟོ་ལས་ཅན་བསྐྱར་མར”སྐུལ་འདེད་བཏང་བས། ང་ཚོའི་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་ལེགས་ཆ་ཕྲན་བུ་ཡོད་པ་ཚང་མར་འགྱུར་ལྡོག་གཏིང་ཟབ་ཕྱིན་སྟབས། ངེས་པར་དུ་རྒྱུ་རྐྱེན་ལ་བརྟེན་པ་ནས་གསར་གཏོད་ལ་བརྟེན་པའི་བར་མགྱོགས་མྱུར་འགྱུར་ལྡོག་གཏོང་དགོས། དེང་སྐབས་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཆུ་ཚད་སྤྱི་ཡོངས་ནས་མཐོ་པོ་མེད་པ་དང་། ཚན་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ནུས་འདང་གི་མེད་ལ། ཚན་རྩལ་གྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལས་ཆེས་ཆེར་དམའ་བ་ཡོད་པ་དེ་ནི་རང་རྒྱལ་དཔལ་འབྱོར་གྱི་མངོན་གསལ་དོད་པའི་ཞན་ཆ་ཞིག་རེད། གལ་ཏེ་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་མ་ཐུབ་ཚེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་འགྱུར་ལྡོག་གཏོང་མི་ཐུབ་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འགྲན་རྩོད་ཁྲོད་ངེད་ཚོའི་གནས་བབ་མཐོ་པོ་ཡོང་མི་སྲིད། དེར་བརྟེན་ངེད་ཚོས་ངེས་པར་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བླང་བྱ་གཞིར་བཟུང་། གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དང་ཤེས་ལྡན་པ་ནི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་ཁུངས་དང་པོར་བརྩིས་ནས་གསར་གཏོད་ཀྱིས་སྣེ་ཁྲིད་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་དཔེ་དབྱིབས་མགྱོགས་མྱུར་ཆགས་པར་བྱེད་དགོས།
གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་མདོ་གནད་དེ་གསར་གཏོད་ཐོག་འཇོག་དགོས་པ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་སྒྲོམ་གཞི་ཆགས་པར་བྱས་ཏེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལེགས་ཆ་དེ་བས་མང་བ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་དེ་བས་མང་བ་གསར་གཏོད་བྱེད་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་གསར་གཏོད་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བདུན་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པ་དང་། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་ཀྱི་མ་ལག་གསར་པ་སྐྲུན་པ། འཕེལ་རྒྱས་ཀྱི་སྒྲིག་སྲོལ་གསར་པ་སྐྲུན་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་བཅས་ཡིན་ཞིང་། དེ་དག་གིས་འབྱུང་འགྱུར་ལོ་ལྔའི་རིང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་རིས་གསལ་པོ་སྟོན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏིང་བའི་འཆར་གཞི་ཁྲིད་སྟོན་དུ་བྱས་ཚེ། གསར་གཏོད་འཕེལ་རྒྱས་ལ་གཞི་ནས་ཚད་བརྒལ་གསར་པ་ཡོང་བ་དང་ཆུ་ཚད་གསར་པར་སླེབས་ཐུབ།
གསར་གཏོད་ནི་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་ཐོག་འཁྱོལ་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ཁྲོད་གསར་གཏོད་ཁྱབ་ཐུབ་པ་དང་སྤྱི་ཚོགས་ཡོངས་སུ་གསར་གཏོད་ཀྱི་དར་སྲོལ་ཆགས་པ་བྱེད་དགོས། སྤྱི་དམངས་ལས་གཏོད་དང་དམངས་ཡོངས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བར་དང་། རྒྱལ་སྤྱིའི་ཚན་རིག་འཆར་འགོད་ཆེ་མོ་དང་ཚན་རིག་འདུ་འགོད་ཆེ་མོ་འདོན་པ་དང་སྒྲིག་འཛུགས་བྱེད་པ་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་བར། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་ནས་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་གསར་གཏོད་འཕེལ་རྒྱས་ཀྱི་བྱེད་ཐབས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཚང་མ་དང་འབྲེལ་བ་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ་གཞི་ནས་ང་ཚོས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་སོགས་ཕྱོགས་ཁག་གི་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་ཐུབ་ནས་འཕེལ་རྒྱས་སྤུས་ཚད་དེ་བས་ཡག་པ་དང་། ཕན་འབྲས་དེ་བས་མཐོ་བ། གྲུབ་ཆ་དེ་བས་ལེགས་པ་བཅས་ཡོང་ཐུབ།
“གསར་གཏོད་མ་བྱས་ཚེ་རྗེས་ལུས་ཐེབས་པ་དང་། གསར་གཏོད་འགོར་ཚེ་རྗེས་ལུས་ཐེབས་སྲིད”གསར་གཏོད་ལ་བརྟེན་ནས་གོ་སྐབས་སྟངས་འཛིན་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ་གསར་གཏོད་ལས་བྱུང་བའི་གསོན་ཤུགས་དང་འབྱུང་རྩ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ང་ཚོའི་སྒུལ་ཤུགས་ཆེན་པོ་འཕེལ་ཐུབ་ངེས་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན།