ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་རྩ་འཛུགས་ཀྱིས་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་ཇུས་རོགས་སྐྱོར་དང་དངུལ་གཏོང་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སྐྱེད་སྲིང་བྱས་པ། ཁྱད་ལྡན་སྤུས་རྟགས་དང་བྲིན་ཚོང་མ་ལག་བཏོད་པ་ལས། ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བར་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པ་མ་ཟད། ད་དུང་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བར་སྐུལ་འདེད་ནུས་ལྡན་ཡང་ཐེབས་ཡོད།
ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ན་ཁྲོམ་ར་ཕྱོགས་སྟོན་དུ་བྱེད་དགོས། གསོ་སྤེལ་རྟེན་གཞི་པ་སྐྲུན་ནས་ཞིང་འབྲོག་ཐོན་རྫས་གཞི་ཁྱོན་ཅན་དུ་སྒྱུར་དགོས་པ་དང་། ལས་སྣོན་ཞིབ་མོ་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་དང་ཐོན་རྫས་ཀྱི་ཞོར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། འཕྲེད་ཕྱོགས་ནས་སྣེ་འདྲེན་ཁེ་ལས་ལ་སྐུལ་ཁྲིད་བྱས་ཏེ་ཁྱིམ་དུད་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་ཁྲོམ་ར་ཆེན་པོའི་དབར་སྦྲེལ་མཐུད་ཡོང་བ་བྱེད་དགོས།
ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་མ་རྩ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཐོན་སྐྱེད་གནད་ཆེའི་རྒྱུ་རྐྱེན་སྤྱད་དེ་ཞིང་འབྲོག་དུད་ཚང་གི་སྣེ་ཁྲིད་ནས་ཆེད་ལས་ཅན་དང་། ཚད་གཞི་ཅན། གཞི་ཁྱོན་ཅན། ལེགས་བསྡུས་ཅན་བཅས་ཀྱི་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་ནི་དེང་རབས་ཞིང་འབྲོག་ལས་ཐོན་ལས་མ་ལག་འཛུགས་པའི་དངོས་གཞི་གལ་ཆེན་ཞིག་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་རེད། སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་འབྲོག་ལས་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ། དེང་རབས་ཀྱི་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད།
ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་གོམ་སྟབས་སྤོ་མགྱོགས་སུ་གཏོང་ཆེད། སླད་ཕྱིན་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “བོད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཀྲུང་དབྱང་གི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁེ་ལས་སྣེ་འདྲེན་ཁེ་ལས་སུ་བྱེད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འབྲེལ་ཐག་ཏུ་བྱེད་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་རྨང་གཞིར་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་འཕར་ཐབས་བྱ་རྒྱུ་འགོ་འཛུགས་སར་བྱེད་པ། ཚན་རྩལ་འདེགས་སྐྱོར་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ། སྤུས་རྟགས་འཛུགས་གཏོད་དང་ཁྲོམ་ར་གཉེར་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ནས་དབུལ་སྐྱོར་དང་མ་དངུལ་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ལས་དོན་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཧྲིལ་པོ་མཐོ་རུ་གཏོང་དགོས།