རྒྱལ་ཁབ་གཅིག་གི་འཕེལ་རྒྱས་འཆར་གཞིས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་སྐབས་སུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་མཚོན་གྱི་ཡོད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་སྐབས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་དངགྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ནི་སླད་ཕྱིན་ལོ་ལྔའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པ་དང་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་འགན་གལ་ཆེན་ཞིག་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་《གྲོས་འགོའི》ནང་གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དེ་རེད།
ཇུས་འགོད་གནད་འཁེལ་བྱས་རྗེས་བྱ་སྤྱོད་སྤེལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས་“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་འདོན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གཏན་འཁེལ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་དམིགས་ཚད་དང་བླང་བྱ་གསར་པ་འདོན་པ་བཅས་བྱས་ཤིང་། 《གྲོས་འགོའི》ནང་ལས་འགན་སྒྲུབ་སེམས་དང་གནད་དོན་གྱི་འདུ་ཤེས་ཟབ་མོར་བརྟེན་ནས་འབྱུང་འགྱུར་འཆར་འགོད་བྱས་པ་ལས། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དང“ཕྱོགས་ལྔ་གཞི་གཅིག་ཅན”གྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོན་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོན་པ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ནང་གནས་ཀྱི་བླང་བྱ་དང་མཐུན་པ་བཅས་ཡིན་པས། བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ལྡན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་འགོའི》ནང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འཐབ་ཇུས་ངེས་གནས་གསལ་སྟོན་བྱས་ཡོད། 2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གནང་བའི་གཟི་བརྗིད་ལྡན་པའི་ཞལ་བཞེས་ཤིག་རེད། 《གྲོས་འགོའི》ནང་ལས་འགན་དེར་དམ་པོར་བསྟུན་ནས་མཚོན་རྟགས་རང་བཞིན་ལྡན་པའི་འཐབ་ཇུས་གལ་ཆེན་དང་། འདུ་འགོད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་རབ་དང་རིམ་པ་བཏོན་པ་དང་། ལྷག་པར་དུ་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཁར། མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་མངོན་གསལ་དོད་པོར་གཅིག་སྡུད་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་འབོད་དང་རེ་སྒུག་ལ་ལན་བརྒྱབ་པའི་དམིགས་ཡུལ་ནི། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་མཐའ་འཁྱོངས་བྱ་རྒྱུ་དེ་རེད། སླད་ཕྱིན་ལོ་5རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ཁག་མདོར་བསྡུས་ན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་འགོ》ཡིས་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པར་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིག་མངོན་ཡོད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རྩ་བའི་ཐོག་ནས་བརྗོད་ན་འཕེལ་རྒྱས་ཀྱི་གནད་དོན་རེད། འཕེལ་རྒྱས་ཀྱི་འདུ་ཤེས་འགྲིག་མིན་དེས་རྩ་བའི་ཆ་ནས་འཕེལ་རྒྱས་ཀྱི་རྒྱལ་ཕམ་གཏན་འཁེལ་བྱེད་ཀྱི་ཡོད། གྲོས་འགོའི་མ་ཟིན་ནང་བཏོན་པའི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཉམས་མྱོང་བསླབ་བྱ་ཕྱོགས་སྡོམ་དང་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཆགས་པ་ཞིག་ཡིན་པ་དེས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རང་རེའི་ཏང་གིས་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་བ་གཅིག་སྡུད་དུ་མཚོན་ཡོད། གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོ་དང་། མཐུན་སྦྱོར་ནི་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ། ལྗང་མདོག་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན། སྒོ་འབྱེད་ནི་རྒྱལ་ཁབ་དར་རྒྱས་ཡོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ། མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་བཅས་ཡིན་ཞིང་། འདུ་ཤེས་ཆེན་པོ་ལྔ་པོ་དེ་དག་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་སྐུལ་འདེད་གཏོང་བར་བརྟེན་ནང་གནས་ཀྱི་འབྲེལ་བ་ལྡན་པའི་གཅིག་སྡུད་ཕུང་པོ་ཞིག་ཡིན་པས། གཅིག་གྱུར་ངང་ལག་བསྟར་བྱེད་དགོས་པ་ལས། གཅིག་བཟུང་གཅིག་གློད་བྱ་མི་རུང་ལ་ཕན་ཚུན་ཚབ་ཀྱང་བྱ་མི་རུང་།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་འགོ》ཡིས་སྲིད་སྐྱོང་རྒྱལ་དར་གྱི་རང་རེའི་ཏང་གི་གལ་ཆེའི་ལས་འགན་ཨང་དང་པོ་མཚོན་ཡོད། འཕེལ་རྒྱས་གཏོང་རྒྱུ་ནི་དོན་དམ་པ་ཡིན་པ་དང་ཏང་གི་འགོ་ཁྲིད་ནི་རྩ་བའི་འགན་ལེན་རེད། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་13ལྷག་ཙམ་ལ་སྣེ་ཁྲིད་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་ངེས་པར་དུ་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། སྟངས་འཛིན། ཁྲིད་སྟོན་བཅས་བྱེད་པ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་འདུ་ཤེས་དང་། སྒྲིག་གཞི། བྱེད་ཐབས་དང་ཐབས་ཤེས་བཅས་གསར་གཏོད་བྱེད་པ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། འཐབ་ཇུས་འདོན་པ། སྲིད་ཇུས་བཟོ་བ། སྒྱུར་བཅོས་སྐུལ་འདེད་བཅས་ཀྱི་རང་རེའི་ཏང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་གཏན་སྐྱེལ་འདྲེན་གྲུ་གཟིངས་ལ་ཁ་ཕྱོགས་ཡག་པོ་གཏན་འཁེལ་དང་། ཁ་ལོ་ཡག་པོ་བསྒྱུར་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
“དམངས་ཀྱིས་ལས་ལ་མ་བརྩོན་ན། འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་བམ” འབྱོར་འབྲིང་ཞེས་པའི་དཀའ་སྡུག་དང་འོད་སྟོང་ལྡན་པའི་ལོ་ཟླ་གྲངས་མེད་བརྒྱུད་པའི་རྒྱུན་སྲིང་ལྷོད་མེད་ཀྱི་ཕུགས་བསམ་དེ། དེང་སྐབས་མངོན་འགྱུར་ཐུབ་ངེས་ཡོད། 2020ལོར་རྒྱང་ལྟ་བྱེད་སྐབས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་དེ་ང་ཚོ་ངོ་མས་ལེགས་སྒྲུབ་བྱ་རྒྱུ་རེད། ལོ་རྒྱུས་མཐུད་འཛིན་དང་འབྱུང་འགྱུར་གཏོད་པར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཀྱི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་ང་ཚོ་རང་ཉིད་ལ་བདག་པའི་མཐུད་རྒྱུག་དབྱུག་པ་ཡག་པོ་སྤྲད་དེ《གྲོས་འགོའི》ནང་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དངོས་ཡོད་དུ་འགྱུར་བ་བྱས་ཚེ། ང་ཚོས་འཕེལ་རྒྱས་ཀྱི་འཁོར་རྒྱ་གསར་པ་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མདུན་སྐྱོད་ཀྱི་རྨང་གཞི་དེ་བས་བརྟན་པོ་འདིང་ཐུབ།