དབུ་ཤོག>གསར་འགྱུར།
  • དམངས་འཚོའི་འདྲི་ཤོག་ལ་བློ་ཡིད་ཚིམ་པའི་ལན་ཞིག་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-01

    ཉེ་དུས་རྫོང་4དང་། ཤང་གྲོང་10ལྷག་ཙམ། ལམ་ཚད་སྤྱི་ལེ་409.2བཅས་བརྒྱུད་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལམ་དུམ་བུ་བསྐྲུན་ཟིན་ནས་དངོས་སུ་ཤར་གཏོང་ཐུབ་པ་དང་རྣམ་གྲངས་དེ་ནི་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་226གི་གྲས་ཤིག་ཡིན་ལ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་དེ་བསྐྲུན་རྗེས་ལྷ་ས་ནས་ཉིང་ཁྲིའི་བར་བསྐྱོད་པའི་དུས་ཚོད་ཐུང་དུ་ཕྱིན་པ་དང་གཞུང་ལམ་ཤར་གཏོང་ཐུབ་ནུས་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་པ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཡོད་ཅིང་། འདི་ནི་རང་ལྗོངས་ཀྱི་དམངས་འཚོའི་ལས་དོན་གྱི་འབྲས་བུ་གལ་ཆེན་གཞན་ཞིག་ཡིན་ལ་རང་ལྗོངས་ཀྱི་དམངས་འཚོ་ལེགས་གཏོང་གི་བྱེད་ཐབས་གལ་ཆེན་གཞན་ཞིག་ཀྱང་ཡིན།

    ངོས་འཛིན་ཐད་དམངས་ཆེད་བྱ་བ་སྒྲུབ་པའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ཅིང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཞིག་ཡིན་ལ་མི་དམངས་མང་ཚོགས་ཀྱི་དགོས་གཏུགས་ཆེ་བའི་རེ་སྒུག་ཅིག་ཀྱང་ཡིན། དམངས་ཆེད་བྱ་བ་སྒྲུབ་པའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དམངས་ཀྱིས་རེ་བ་བཏོན་ཚེ་ངས་དང་ལེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མང་ཚོགས་ཀྱི་དགོས་མཁོ་དམིགས་ཚད་ཨང་དང་པོར་འཇོག་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཞིབ་དཔྱད་ཚད་གཞིར་འཇོག་པ་བཅས་བྱེད་པ། མི་རྩ་བར་འཛིན་རྒྱུ་དང་དམངས་ཆེད་སྲིད་འཛིན་པའི་འདུ་ཤེས་དེ་དམངས་འཚོའི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་མཐའ་དག་མི་དམངས་ཀྱི་ཆེད་དུ་དང་མཐའ་དག་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ཡོད།

    སྲིད་ཇུས་ཐད་གཟིགས་སྐྱོང་བྱས་ཤིང་། དམངས་འཚོ་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་པ། ཞིང་འབྲོག་ཁུལ་དུ་ཕྱོགས་པ། གཞི་རིམ་དང་སྤྱི་ཚོགས་བྱ་གཞག་གི་ཉམས་ཞན་ལྷུ་ཚིགས་སུ་ཕྱོགས་པ་བཅས་བྱས་ཡོད། དམངས་འཚོའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱེད་པ་དང་། ལོ་ལྟར་ནོར་སྲིད་གཏོང་སྒོའི་70%དམངས་འཚོར་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ལོ་ལྟར་སྟོབས་ཤུགས་གཅིག་སྡུད་བྱས་ནས་དམངས་བདེ་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་ཡོད། དམངས་འཚོའི་ཁེ་ཕན་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་བསལ་ནས་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ཡོད།

    བྱེད་ཐབས་ཐད་དམ་འཛིན་ནན་པོ་དང་དོན་འཁྱོལ་བྱས་ཤིང་། 2012ལོ་ནས་བཟུང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་མི་རིགས་ཁག་གི་མང་ཚོགས་ཚོར་དམངས་བདེ་དམངས་ཕན་གྱི“བྱ་བ་དངོས་བཅུ”ཧུར་ཐག་བསྒྲུབས་པ་དང་བྱ་བ་དངོས་དེ་དག་ནང་སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས། སྡོད་ཁང་། འགྲིམ་འགྲུལ། དབུལ་སྐྱོར་སོགས་ཐད་ཚུད་ཡོད་པས་གནས་ཁྱོན་རྒྱུད་གསུམ་གྱི་ཁྱབ་རྒྱ་ཆེ་བ་ཞིག་ཡོད། ང་ཚོས་བྱ་བ་དངོས་དེ་དག་ལ་གཞིགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་རྨང་གཞི་བརྟན་དུ་གཏོང་བ་དང་སྐུལ་འདེད་ཏན་ཏིག་བཏང་ནས་རེ་རེ་བཞིན་ཚད་བརྒལ་དང་། རེ་རེ་བཞིན་ཐག་གཅོད། རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་དངོས་ཕན་ཐོབ་ཐུབ་པ་བྱས་ཏེ་ཏང་དང་སྲིད་གཞུང་གི་དམངས་ཉེ་དང་དམངས་ལ་བརྩེ་སེམས་འཆང་ལུགས་ཚོར་ཐུབ་པ་བྱེད་པ། ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་འདོགས་པ་ཤེས་ཐུབ་པ་བྱེད་པ། ཐོབ་སེམས་རིམ་གྱིས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་འཚོའི་སྒྱུར་བཅོས་དེ་ཉིད་མི་སེམས་ལ་གཏིང་ཟབ་ཟུག་པ་བྱེད་དགོས།

    དམངས་འཚོ་ནི་བྱ་བ་མཐའ་དག་ལས་ལྷག་པ་ཡོད་པ་དང་ཚང་མར་བརྩེ་སེམས་བཅངས་ཤིང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དེ་ནི་རང་ལྗོངས་ཀྱི་དམངས་འཚོ་ལེགས་གཏོང་ལས་དོན་གྱི་མཚོན་བྱེད་ཅིག་ཡིན། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་ཡུན་རིང་ལས་དོན་ཞིག་ཡིན་པས་ཚར་དུས་མེད་པར་རྒྱུན་མཐུད་ཀྱི་འགོ་འཛུགས་ས་གསར་པ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། ནུས་ལྡན་གྱི་བྱེད་ཐབས། ཏན་ཏིག་གི་ལས་དོན་བཅས་ལ་བརྟེན་ནས་དམངས་འཚོ་ལེགས་གཏོང་དེ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་དམངས་འཚོའི་འདྲི་ཤོག་ལ་བློ་ཡིད་ཚིམ་པའི་ལན་ཞིག་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་ཐུབ་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།