ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ལེན་དགོས།
མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།
འབྲས་ལྡན་སྟོན་གྱི་དུས་སུ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བ་རེད། དེ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཕམ་འབྱེད་པའི་དུས་མཚམས་སུ་སླེབས་སྐབས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀའ་མངགས་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་གནད་འཁེལ་བྱས་པ་དང《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་དང་གྲོས་འཆམ་བྱས་པ་རེད། 《གྲོས་འགོའི》ནང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ནང་དང་གོ་ལ་ཧྲིལ་པོའི་མཐོང་རྒྱ་ཕན་ཚུན་སྤྱི་འདོམས་བྱ་རྒྱུར་གཞི་འཛུགས་པ། ཕྱོགས་ཡོངས་ནས་འཆར་འགོད་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་ཕན་ཚུན་མཐུན་སྦྱོར་བྱེད་པ། འཐབ་ཇུས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཟུང་དུ་འབྲེལ་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་དང་བླང་བྱ། གཞི་རྩའི་འདུ་ཤེས། བྱེད་ཐབས་གལ་ཆེན་བཅས་གསལ་པོ་བཏོན་པ་དང་། འབྱུང་འགྱུར་ལོ་ལྔའི་རིང་གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཟོས་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མངོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མངོན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོན་པ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ནང་གནས་ཀྱི་བླང་བྱ་དང་མཐུན་པ། བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་བཅས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ལེན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
དེང་གི་འབད་འཐབ་ནི་འབྱུང་འགྱུར་གྱི་རྨང་གཞི་ཞིག་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་གསར་གཏོད་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་བཏོད་དེ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་ཉེར་ཡོད་ཅིང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ལྷག་དོན་དུ་གལ་ཆེ་བ་ཞིག་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། ལག་ལེན་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་སྲིད་སྐྱོང་སྟངས་ཀྱི་འདུ་ཤེས་དང་། དགོངས་པ། འཐབ་ཇུས་བཅས་གསར་པ་རབ་དང་རིམ་པ་ཆགས་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐུལ་འདེད་མགྱོགས་སུ་གཏོང་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱིས་ཕྱོགས་སྟོན་གནང་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་རང་རེའི་ཏང་གིས་གཏན་འཁེལ་བྱས་པའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཕམ་འབྱེད་པའི་དུས་མཚམས་ཤིག་ཡིན། རང་རྒྱལ་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། ཆ་རྐྱེན། ལས་འགན། བླང་བྱ་སོགས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད། ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་པ་བརྒྱུད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྔར་བཞིན་གནས་ལ། འགལ་བ་མང་པོ་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་མང་དུ་འགྲོ་བའི་འགྲན་སློང་དྲག་པོ་ཡང་འཕྲད་བཞིན་ཡོད། ང་ཚོས་འཐབ་ཇུས་གོ་སྐབས་ཀྱི་གོ་དོན་འགྱུར་ལྡོག་ཟབ་མོ་སྟངས་འཛིན་གནད་འཁེལ་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དེ་བས་ནུས་ལྡན་ངང་ཁ་གཏད་འཇལ་བ། མུ་མཐུད་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། འཕེལ་རྒྱས་ཀྱི་འཁོར་རྒྱ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བློ་ཐག་རྦད་བཅད་ཀྱིས་རྒྱལ་ཁ་ལེན་ཐབས་བྱེད་པ་དང་རླུང་བརྟེན་རླབས་གཤག་བྱེད་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་དགོས།
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པར་ཁྲིད་སྟོན་བྱེད་དགོས། འཕེལ་རྒྱས་འདུ་ཤེས་ནི་འཕེལ་རྒྱས་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན་པ་དང་ཁྱོན་ཡོངས་དང་། རྩ་བ། ཁ་ཕྱོགས། ཡུན་རིང་བཅས་ལ་དོ་དམ་བྱེད་པ་ཞིག་དང་འཕེལ་རྒྱས་བསམ་ཕྱོགས་དང་། འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་གཞི་བཅས་ཀྱི་གཅིག་སྡུད་མངོན་ཚུལ་ཞིག་ཡིན། 《གྲོས་འགྲོའི》ནང་ནན་བཤད་བྱས་པའི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དེ་རང་རྒྱལ་གྱི་འཕེལ་རྒྱས་ཁྱོན་ཡོངས་དང་འབྲེལ་བའི་སྒྱུར་བཅོས་གཏིང་ཟབ་ཅིག་དང་། “ལོ་ལྔ་ཚན་བཅུ་གསུམ་པ”དང་ཐ་ན་དུས་ཡུན་དེ་བས་རིང་བའི་རང་རྒྱལ་གྱི་འཕེལ་རྒྱས་བསམ་ཕྱོགས་དང་། འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་གཞི་བཅས་ཀྱི་གཅིག་སྡུད་མངོན་ཚུལ་ཞིག སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་སོང་ཚུན་རང་རྒྱལ་གྱི་འཕེལ་རྒྱས་ཉམས་མྱོང་གི་གཅིག་སྡུད་མངོན་ཚུལ་བཅས་ཡིན་པས་རང་རྒྱལ་འཕེལ་རྒྱས་ཆོས་ཉིད་ཐད་ཀྱི་རང་རེའི་ཏང་གི་ངོས་འཛིན་གསར་པ་མཚོན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། འཕེལ་རྒྱས་སྒུལ་ཤུགས་ཆེར་གཏོང་། འཕེལ་རྒྱས་ལེགས་ཆ་ཆེར་གཏོང་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པར་ངེས་པར་དུ་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། རྒྱུན་རྣམ་གསར་པ་སྟངས་འཛིན་བྱེད་པ། རྒྱུན་རྣམ་གསར་པར་ཁྲིད་སྟོན་བཅས་བྱེད་དགོས། རྒྱུན་རྣམ་གསར་པའི་འོག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་མྱུར་ཚད་འགྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་གཞན་སྒྱུར་བཅས་ཁྱད་ཆོས་ཆེན་པོ་གསུམ་མངོན་པ་དང་། མྱུར་ཚད་འཕར་བ་དེ་མྱུར་ཚད་མཐོ་བ་ནས་མྱུར་ཚད་འབྲིང་སྟོད་ཕྱོགས་དང་། འཕེལ་རྒྱས་གཏོང་སྟངས་དེ་གཞི་ཁྱོན་དང་མྱུར་ཚད་རྣམ་པ་ནས་སྤུས་ཀ་དང་ལས་ཆོད་རྣམ་པའི་ཕྱོགས། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དེ་ཚད་འཕར་ནུས་བསྐྱེད་གཙོ་བོར་བྱེད་པ་ནས་གསོག་ཚད་ལེགས་སྒྲིག་དང་ལེགས་སྒྲུབ་ཚད་འཕར་གལ་ཆེ་མཉམ་དུ་འཇོག་པའི་ཕྱོགས། འཕེལ་རྒྱས་སྒུལ་ཤུགས་དེ་གཙོ་བོ་ཐོན་ཁུངས་དང་མ་གནས་དམའ་བའི་ངལ་རྩོལ་ནུས་ཤུགས་སོགས་རྒྱུ་རྐྱེན་གྱི་གཏོང་ཆར་བརྟེན་པ་ནས་གསར་གཏོད་ཀྱིས་སྐུལ་འདེད་གཏོང་བའི་ཕྱོགས་བཅས་སུ་བསྒྱུར་བ་བྱེད་དགོས། གསར་གཏོད་འཕེལ་རྒྱས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་གཞི་རྩ་དེ་གསར་གཏོད་ཐོག་འཇོག་པ་དང་གསར་གཏོད་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ལྟེ་བའི་གནས་བབ་སུ་འཇོག་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ཐད་མྱུར་ཚད་ལ་ལྟ་དགོས་ལ་ཚད་འཕར་ལའང་ལྟ་དགོས་པ་མ་ཟད་སྤུས་ཀར་དེ་བས་ལྟ་དགོས་ཤིང་། སྤུས་ཀ་ལྡན་པ་དང་། ཕན་འབྲས་ལྡན་པ། དངོས་ཡོད། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕར་རྒྱུ་མངོན་འགྱུར་ཧུར་ཐག་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག སྣོད་བཅུད་ཁོར་ཡུག་ལེགས་གཏོང་། འཕེལ་རྒྱས་སྤུས་ཀ་དང་ཕན་འབྲས་མཐོར་གཏོང་བཅས་ཁྲོད་དཔལ་འབྱོར་འཕར་ཐུབ་པ་བྱེད་དགོས།
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པར་ངེས་པར་དུ་འབྱོར་འབྲིང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པའི་ཞན་ཆར་དམ་པོར་དམིགས་ནས་ཞན་ཆ་སེལ་རྒྱུར་ཤུགས་མང་ཙམ་རྒྱག་དགོས། དཔེར་ན། གྲོང་གསེབ་ཀྱི་དབུལ་པོ་དབུལ་སྒྲོལ་བྱ་རྒྱུ་དེ་ནི་མངོན་གསལ་དོད་པའི་ཞན་ཆ་ཞིག་ཡིན། ང་ཚོས་ཕྱོགས་གཅིག་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཡོད་ཅེས་དྲིལ་བསྒྲགས་བྱེད་མི་རུང་ལ། ཕྱོགས་གཞན་ཞིག་ནས་མི་གྲངས་ཁྲི་སྟོང་ཕྲག་ཁ་ཤས་ཀྱི་འཚོ་བའི་ཆུ་ཚད་སྔར་བཞིན་དབུལ་སྐྱོར་ཚད་གཞིའི་འོག་གནས་ཡོད། དཔེ་གཞན་ཞིག་དྲངས་ན། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་། སྣོར་བཅུད་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་སོགས་ཐད་ལའང་མངོན་གསལ་དོད་པའི་ཞན་ཆ་གནས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞན་ཆ་སེལ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་སྙོམས་རང་བཞིན་མཐོ་རུ་ཧུར་ཐག་གཏོང་དགོས།
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ནས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་གི་འགག་རྩའི་གོམ་སྟབས་ཤིག་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པའི་འཐབ་ཇུས་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དེ་ཉིད་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གལ་ཆེའི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་མཐའ་འཁྱོངས་བྱེད་པ། དེ་བས་སྤུས་ཚད་མཐོ་བ་དང་། ཕན་ནུས་ཆེ་བ། གཞུང་དྲང་ལྡན་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་དབྱེའི་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་གཅིག་སེམས་གཅིག་གི་སྙིང་སྟོབས་དང་སྟོབས་ཤུགས་འཕེལ་བ་བྱེད་པ། བློ་ཐག་རྦད་བཅད་ཀྱིས་རྒྱལ་ཁ་ལེན་ཐབས་བྱེད་པའི་ཆོད་སེམས་དང་བློ་སྟོབས་གཅིག་ཏུ་སྒྲིལ་བ། ཞུམ་པ་མེད་པའི་སྙིང་སྟོབས་དང་། དཀའ་སྤྱད་འབད་འཐབ། རྒྱུན་སྲིང་ལྷོད་མེད་བཅས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་བཅས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་གདིང་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣