ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས《སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》གཞི་འཛིན་སར་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི“དཀའ་ཉེན་ལས་སྒྲོལ་བའི”ཚོད་ལྟའི་ལས་དོན་སྐོར་གྱི་ལག་བསྟར་བསམ་འཆར》གྱི་དགོངས་དོན་གཞིར་བཟུང་། ཁྲེན་ཀོན་ཆུས་ལ“དཀའ་ཉེན་ལས་སྒྲོལ་བའི”ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་བས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཐུབ་པ་མ་ཟད། སྤྱི་ཚོགས་དྲང་གཞག་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐུབ་ཡོད།
《སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》ལག་བསྟར་དོན་འཁྱོལ་བྱེད་རིང་། གྲོང་ཁྱེར་དང་རྫོང་རིམ་གཉིས་སྲིད་གཞུང་གིས། སྔ་རྗེས་སུ་གྲོང་ཁྱེར་དང་རྫོང་རིམ་གཉིས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་སྐོང་བསྡུ་བ་བྱེད་པ་དང་། ཚན་པ་དང་སྡེ་ཚན་20ཙམ་གྱི་འགན་འཁུར་བ་གཙོ་བོ་ཁོངས་མིར་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཟོས་པ་རེད། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཟོས་པ་དེས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཞུ་བའི་ཐབས་ལམ་སྔར་བས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་ཐོན་ཁུངས་སྣ་ཚོགས་འདུ་སྒྲིལ་ནུས་ལྡན་ཐུབ་པས། སྤྱི་ཚོགས་རོགས་སྐྱོབ་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་འོས་འཚམ་བྱུང་བ་རེད།
དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་གི་རོགས་སྐྱོབ་ཞུ་ཐབས་མི་ཤེས་པའི་གནད་དོན་ཐག་གཅོད་བྱ་ཆེད་ལྷ་ས་གྲོང་ཁྱེར་གྱིས་བཙུགས་ཟིན་པའི་རྫོང(ཆུས)དང་ཤང(གྲོང་རྡལ)གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ལ་བརྟེན་ནས། “སྐར་ཁུང་གཅིག་གིས་བདག་སྤྲོད་བྱེད་པ་དང་རོགས་རེས་ངང་བདག་གཉེར”བྱེད་པའི་ཞབས་ཞུའི་སྐར་ཁུང་བཙུགས་ཏེ། སྡེ་ཚན་ཁག་དང་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་ཁག་གི་འགན་འཁྲི་ཁ་གསལ་བཟོ་བ། ཁག་བགོས་ལས་སྒྲུབ་དང་གཞན་སྒྱུར་ལས་སྒྲུབ་ཀྱི་བརྒྱུད་རིམ་བཟོ་བ་བཅས་བྱས་ནས། དཀའ་ཉེན་གྱི་གནད་དོན་འཕྲད་པའི་མང་ཚོགས་ལ“ཐོགས་མེད་བགྲོད་ལམ”ཞིག་མཁོ་འདོན་བྱས་པ་དང་། “རོགས་སྐྱོབ་རེ་ཞུ་བྱེད་པར་ཐབས་ལམ་ཡོད་པ”མངོན་འགྱུར་བྱུང་བ་རེད།
རྒྱུན་གཏན་གྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་ཕྱིར་ལྷ་ས་གྲོང་ཁྱེར་གྱིས་རོགས་སྐྱོབ་སྲིད་ཇུས་སྣ་ཚོགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་མ་མཐའི་འཚོ་བའི་འགན་ལེན་དང་། ཆེས་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར། གནོད་འཚེ་ཕོག་པའི་མི་སྣར་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ། སློབ་གསོ་རོགས་སྐྱོབ་། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ། གནས་སྐབས་རོགས་སྐྱོབ་བཅས་རོགས་སྐྱོབ་ལམ་ལུགས་ཁག་བརྒྱད་རིམ་བཞིན་བཟོ་བ་དང་འཐུས་ཚང་དུ་བཏང་བས། དཀའ་ཉེན་འཕྲད་པའི་མི་སྣའི་དཀའ་ཉེན་གྱི་གནད་དོན་ཐག་གཅོད་བྱས་རྗེས་རྒྱུན་གཏན་གྱི་རོགས་སྐྱོབ་ནང་ཞུགས་རྒྱུའི་འགན་ལེན་བྱེད་པ་དང“དཀའ་ཉེན་རྒུད་སྐྱོབ་བྱ་ཡུལ”ནས་འདོན་པར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།
ད་ལོའི་ལོ་སྟོད་བར“དཀའ་ཉེན་ལས་སྒྲོལ་བའི”ཐབས་ལམ་བརྒྱུད། ལྷ་ས་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཁྱོན་59ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་18.2དོན་འཁྱོལ་བྱས་པ་རེད།