དབུ་ཤོག>གསར་འགྱུར།
  • ཐོན་ལས་སྟོབས་ཆེའི་གྲོང་ཁྱེར་སྐྲུན་སྐབས་བརྒྱུད་རིམ་ནི་གལ་འགངས་ཤིན་ཏུ་ཆེ།

  •     རྩོམ་པ་པོ།  དབྱང་ཙི་ཡན་གྱིས།   |     སྤེལ་དུས།  2015-10-28

    གྲོང་ཁྱེར་གཅིག་འཕེལ་རྒྱས་གཏོང་བའི་ལམ་བུ་ཧ་ཅང་རིང་པོ་ཡོད། དེར་བརྟེན་སྨྱུག་འཛིན་པས“ཐོན་ལས་སྟོབས་ཆེའི་གྲོང་ཁྱེར་སྐྲུན་པའི”འགྲོ་ལམ་དུ་ཏང་གི་དགོངས་པ་དང་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་མཐའ་འཁྱོངས་བྱས་ཏེ། གཟིགས་རྒྱང་ཆེན་པོས་གོམ་པ་རེ་ལ་རྐང་རྗེས་རེ་ཐོན་པའི་ངང་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བདེ་བླག་གཏོང་བའི་ཆ་རྐྱེན་འོག་ཚོང་འགུགས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཚོང་འགུགས་པའི་བྱེད་སྒོར་ཧུར་ཐག་ཞུགས་པ། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ། འགྲོ་ལུགས་སྟབས་བདེ་རུ་གཏོང་བ། ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཚོང་པར་སྟབས་བདེ་སྐྲུན་པ་བཅས་བྱས་ཏེ་མ་འཇོག་ཁོར་ཡུག་སྔར་བས་འཐུས་ཚང་དུ་གཏོང་དགོས། འོན་ཀྱང་ཚོང་འགུགས་མ་འདྲེན་གྱི་བརྒྱུད་རིམ་ནང་འབྲེལ་ཡོད་སྡེ་ཚན་དང་། ཁེ་ལས“བོད་འཛུལ་འགག་སྒོ”ཡག་པོ་སྲུང་དགོས། གང་ལགས་ཤེ་ན། བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སླ་བས། འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ནུས་གྲོན་ཆེ་བ། རགས་ལས་རྣམ་པ་བཅས་ཀྱི་ཁེ་ལས་བོད་དུ་འཛུགས་རྒྱུ་ངེས་པར་དུ་གཏན་འགོག་བྱས་ནས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་འགྲོ་ལམ་ལ་བསྐྱོད་དགོས།

    “ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་དགོས་ལ་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་དར་འཕེལ་གཏོང་དགོས”མཐུན་སྒྲིལ་རོགས་རེས་དང་སྒོ་འབྱེད་དཀྱེལ་ཡངས་ཀྱི་སྙིང་སྟོབས་དང་བསམ་བློ་རྒྱུད་ལ་སྐྱེ་བ་དང་། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་གྱི་ཚད་གཞི་གཞིར་བཟུང་གྲོང་ཁྱེར་འཛུགས་སྐྲུན། ལྷ་སའི“སྔོ་ཞིང་དྭངས་པའི་གནམ་མཁའ་དང་། སྤང་ལྗོངས། དྭངས་གཙང་གི་ཆུ”སྲུང་སྐྱོབ་ཡག་པོ་བཅས་བྱས་ན། སྤུས་ཚད་མཐོ་བ་དང་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་མཉམ་ལས་རོགས་ཟླ་ཡག་པོ་དེ་བས་མང་བའི་ཡིད་དབང་འཕྲོག་ཐུབ།

    ད་ཡོད་ཀྱི་བཟོ་ལས་ཁེ་ལས་ཀྱི་རྨང་གཞིའི་ཐོག་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱིས་གཙོས་པའི་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་བྱེད་དགོས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་ནི་ནང་མཁོ་རྒྱ་ཆེར་གཏོང་བའི་ཐབས་ལམ་གཙོ་བོ་ཡིན་ལ་ལས་ཞུགས་ཐག་གཅོད་དང་། ས་གནས་ནོར་ཁྲལ་འཕར་བ། གྲོང་ཁྱེར་གྱི་གནས་བབ་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་ཆེན་པོའང་ལྡན་ཡོད། དམངས་འཚོ་འགན་ལེན་དང་དམངས་འཚོ་ལེགས་གཏོང་མུ་མཐུད་བྱ་རྒྱུ་ནི་ལས་དོན་ཡོངས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་པ་དང་དམངས་འཚོའི་ལས་གཞི་ཁག་ལག་བསྟར་ཤུགས་ཆེན་བྱེད་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།