དབུ་ཤོག>གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》པར་འགྲེམས་བྱས་པ།

  •     སྤེལ་དུས།  2015-10-28

    མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》(གཤམ་ལ《བསམ་འཆར)ཞེས་བརྗོད》ཁྱབ་བསྒྲགས་བྱས་ནས་2020ལོར་སླེབས་སྐབས་ཤང་ཚང་མར་དྲ་ཚུགས་ཡོད་པ་དང་གྲོང་ཚོ་ཡོངས་ལ་མྱུར་སྐྱེལ་ཤར་གཏོང་ཐུབ་པ་དང་། སྦྲག་ཐོག་བསྐུར་མའི་ཞབས་ཞུའི་ཐོན་རྫས་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། རྒྱལ་ནང་གི་གཙོ་གནད་གྲོང་ཁྱེར་དབར་ཆུ་ཚོད་48ནང་སྐྱེལ་སྤྲོད་ཐུབ་པ། རྒྱལ་སྤྱིའི་མྱུར་སྐྱེལ་ཞབས་ཞུའི་ཁྱབ་རྒྱ་སྔར་བས་ཆེ་བ་དང་མྱུར་ཚད་སྔར་བས་མགྱོགས་པ། ཞབས་ཞུའི་བློ་ཡིད་ཚིམ་ཚད་རིམ་བཞིན་ཆེ་རུ་འགྲོ་བ་སོགས་ཀྱི་འཕེལ་རྒྱས་དམིགས་ཚད་སྤྱིར་ན་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་བཏོན་པ་རེད།

    《བསམ་འཆར》ནང་ཁྲོམ་རའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་རྒྱལ་ནང་གི་མྱུར་སྐྱེལ་ཁྲོམ་ར་སྔར་བས་སྒོ་དབྱེ་བྱས་ནས་ཁེ་ལས་ཀྱིས་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་སྤུས་ཚད་རྒྱུན་སྲིང་ངང་མཐོ་རུ་གཏོང་བར་ལྕག་སྐུལ་བྱེད་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྔར་བས་བྱེད་པ་དང་བཅའ་ཁྲིམས་ཁྲིམས་སྲོལ་དང་། འཆར་འགོད། ཚད་གཞི་བཅས་ཀྱི་ཚད་ལྡན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ལ་ཕན་ཐོགས་པའི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་པ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སྦྲག་ཐོག་བསྐུར་མའི་བདེ་འཇགས་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་མྱུར་སྐྱེལ་ལས་རིགས་ལ་བདེ་འཇགས་ཀྱི་རྨང་གཞི་ཞིག་འདིང་དགོས་པའི་ནན་བཤད་བྱས་པ་རེད།

    《བསམ་འཆར》ནང་མྱུར་སྐྱེལ་ཁེ་ལས་སྐྱེད་སྲིང་བྱེད་པ་དང་སྟོབས་ཆེར་གཏོང་དགོས། མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་ཆེས་ཆེ་རུ་གཏོང་བ་དང་། སྤུས་རྟགས་འཐབ་ཇུས་ལག་ལེན་བསྟར་བ། ལས་རིགས་ཀྱི་བདེ་འཇགས་དང་ཞབས་ཞུའི་ཚད་གཞིའི་མ་ལག་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། མྱུར་སྐྱེལ་དངོས་ཟོག་འགོར་འགྱངས་འཐུས་ཤོར་འགྲོ་ཚད་དང་། སྐྱོན་ཤོར་ཚད། བོར་བརླག་ཏུ་སོང་ཚད། ཞུ་གཏུག་རྒྱག་ཚད་བཅས་ཉུང་དུ་གཏོང་བ་བཅས་བྱས་ནས་མྱུར་སྐྱེལ་ཁེ་ལས་དེ་རིན་གོང་གི་འགྲན་རྩོད་ནས་ཞབས་ཞུའི་འགྲན་རྩོད་ལ་འགྱུར་བ་བྱེད་པར་སྣེ་ཁྲིད་བྱེད་དགོས། མྱུར་སྐྱེལ་འགན་བཅོལ་ལས་སྒོ་ཁྱབ་སྤེལ་ཧུར་ཐག་བཏང་ནས་འཛད་སྤྱོད་པའི་ཁེ་དབང་འགན་ལེན་བྱེད་དགོས། དུས་མཚུངས“དྲ་སྦྲེལ+”མྱུར་སྐྱེལ་ལ་སྐུལ་འདེད་གཏོང་བ་དང་མྱུར་སྐྱེལ་ཁེ་ལས་ཀྱིས་སྒུལ་བདེའི་དྲ་སྦྲེལ་དང་གཞི་གྲངས་ཆེ་མོ་སོགས་ཆ་འཕྲིན་ལག་རྩལ་བེད་གང་ལེགས་སྤྱད་དེ་ཞབས་ཞུའི་དྲ་བའི་བཀོད་པ་ལེགས་སུ་གཏོང་བ་དང་གཉེར་སྐྱོང་དང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བར་ལྕག་སྐུལ་བྱེད་པ། མྱུར་སྐྱེལ་ཁེ་ལས་དང་གློག་རྡུལ་ཚོང་དོན་ཁེ་ལས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྣེ་འཁྲིད་དེ་ཞིང་ལས་དང་འབྲེལ་བ་ཡོད་པའི་གློག་རྡུལ་ཚོང་དོན་སྟེགས་བུའི་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་དགོས་ཞེས་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།