ཀྲུག་ཚག་ཅེས་པ་ནི་རང་ལྗོངས་ཞིང་ཁུལ་གྱི་སྐྱེས་པ་དང་ཟས་སྐོམ་སྐྱུར་ལང་ཤོར་བ་ཚོས་ཞོགས་པ་ལངས་མ་ཐག་གི་ལྟོ་སྟོང་དུ་འཐུང་བའི་ཆང་ལ་གོ
ཆང་གིས་ནད་ལ་ཕན་པའི་སྐོར།
ཆང་གི་བསྙལ་ཚུལ་ནི་འདྲ་མིན་སྣ་ཚོགས་ཡོད་ཅིང་། འགྲོ་བ་མིའི་རིགས་ཀྱིས་དུག་ཀྱང་སྨན་དུ་བཀོལ་ནུས་ཤིང་ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན་ཞེས་གསུངས་ན་ཆང་ནི་སྨོས་ཅི། ནད་རིགས་ཁག་སོ་སོའི་ཚུལ་ལ་བརྟག་ནས་ཆང་གི་བསྙལ་ཚུལ་ཡང་མི་འདྲ་ཡོད་མོད་སྤྱིར་ཆང་གི་ཕན་ཐུབ་པ་ནི་ད་ཡོད་སྨན་དཔྱད་རྒྱུད་ཀྱི་རྒྱལ་པོར་མ་ཞུ་བ་འཇུ་བ་དང་། མངལ་ནད་གྲང་ཚབ་སེལ་བ། གཉིད་འཕེལ་ཐུབ་པ། བད་རླུང་སེལ་བ། ལུས་དྲོད་འབར་བ། ཡི་ག་འབྱེད། སྤོབས་སྐྱེད་ཐུབ་པ་ལྟ་བུའོ། དེ་ཡང་ཀྲུག་ཚག་ནི་རྒྱུན་རིང་གི་འཚོ་བའི་ནང་ཡི་གར་ཡོང་བའི་ཟས་ཤིག་ཏུ་གྱུར་བས་རླུང་སེལ་ཞིང་འདུ་བ་སྙོམས་པ། སྤོབས་སྐྱེད་ཐུབ་ན་མིག་གསལ་དུ་འགྲོ་བ་ལྟ་བུས་ཁ་རྒྱུན་གཏམ་དེ་བྱུང་བའམ་ཆང་གི་དགེ་མཚན་ཅུང་ཙམ་མངོན་པ་མིན་ནམ་སྙམ།
གཏམ་དེའི་སྐྱོན་གྱི་སྐོར།
དེང་རབས་གསོ་རིག་གིས་ཉིན་རེ་བཞིན་མི་ལུས་ལ་དཔོག་དཀའ་བའི་གསང་བའམ་དོགས་གཞི་ཡོད་པ་ཁས་ལེན་ཆེར་མི་བྱེད་ཅིང་། དཔེར་ན་མིའི་ལུས་པོས་ཆུ་ཚོད་ཉེར་བཞིའི་ནང་འགུལ་བསྐྱོད་དང་དོན་ལྔ་སྣོད་དྲུག་གི་བྱེད་ལས་ལ་རྟོགས་ཞིབ་བྱས་པར་ཆུ་ཚོད་བརྒྱད་པའི་སྔ་ནུབ་ཏུ་མི་ལུས་མཆིན་པའི་ནང་གི་དུག་ལྡན་སྙིགས་མ་ཡོད་ཚད་ཕྱིར་ཕྱུངས་ཟིན་ཅིང་དེའི་སྐབས་ནི་མི་མང་ཆེ་བའི་ཕོ་བ་ལྟོ་སྟོང་ཡིན་པས་སྐབས་དེར་ཆང་རག་བཞེས་ཚེ་མཚན་གང་པོར་དུག་སེལ་དང་ཁྲག་ཁམས་དྭངས་སྙིགས་འབྱེད་ནས་དུབ་པའི་མཆིན་པར་ངལ་གསོ་མ་བྱུང་ཞིང་དེ་ལས་ལྡོག་སྟེ་ཀྲུག་ཚག་རྒྱུན་རིང་སྤྱད་ན་ལྐུགས་རྟགས་སྟོན་པ་ཡིན། རྒྱུ་མཚན་ནི་མིག་ནད་དང་མཆིན་པར་འབྲེལ་བ་ཟབ་ཅིང་མཆིན་ནད་ཀྱི་རྟགས་མཚན་མིག་ཐོག་ཏུ་འབྱུང་བས་ཀྲུག་ཚག་མིག་ལ་ཕན་ཞེས་པ་རྩོད་པའི་རྒྱུ་ཁོ་ནར་ཟད།
ཁ་རྒྱུན་གྱི་གཏམ་དེར་ང་ཚོས་དབྱེ་ཞིབ་བྱ་དགོས།
གསོ་རིག་ཡིད་བཞིན་ནོར་བུའི་རྒྱུད་ལས་ཆང་ངམ་ཀྲུག་ཚག་སྤྱོད་ཐལ་ཆེ་ན་མི་སེམས་སྒྱུར་བ། བག་མེད་པ། ངོ་ཚ་མི་ཤེས་པ་དེ་དག་ཀྱང་དབྱེ་བའི་སྡོམ་ཚིག་ཏུ་ར་རོ་དང་པོ་བག་མེད་གནས་ལ་གནས། རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། ཁ་ན་མ་ཐོ་ཚུལ་ཁྲིམས་འཁྱལ་བའི་གནས། ར་རོ་གསུམ་པ་སེམས་མེད་རོ་ལྟར་ཉལ། གང་ཡང་མི་ཤེས་མུན་པའི་གནས་སུ་གྱུར་ཞེས་གསུངས་པའི་བསྟན་བཅོས་ཀྱི་ཚིག་དག་གིས་མཇུག་བསྡུས་པ་འགྲོ་བ་རྣམས་ཀྱི་གསོས་སུ་སྨིན་གྱུར་ཅིག