དབུ་ཤོག>གསར་འགྱུར།
  • དབུལ་པོའི་ཕྱིང་ཞྭ་དོར་། ཕྱུག་པོའི་ཅོད་པན་གནབས་།

  •     སྤེལ་དུས།  2015-10-23

    218421_yis_1445332792020.jpg

    འདི་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གི་ཞིང་པས་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་འདེབས་སྟངས་ཀྱི་ཉམས་མྱོང་སྤེལ་བཞིན་པ།

    ལྷོ་ཁས་སྔར་ནས་བཟུང་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་པར་དུ་2011ལོ་ནས་བཟུང་ལྷོ་ཁ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་དབུལ་སྐྱོར་ལས་དོན་གྱི་ལས་འགན་ལ་གཞིགས་ཏེ་དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་7.02གཏོང་རྒྱུའི་འཆར་གཞི་བཀོད་ནས་མི་78983དབུལ་སྒྲོལ་ཐུབ་པ་དང་། ཁྱོན་ཡོངས་ནས་དབུལ་སྐྱོར་དང་། ཤང་ཧྲིལ་པོར་སྐུལ་འདེད། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར། དབུལ་སྐྱོར་གསོ་སྦྱོང་། ངལ་ནུས་གཞན་སྒྱུར་བཅས་ཏན་ཏིག་བྱས་ཏེ་དབུལ་སྐྱོར་ལས་དོན་ཁག་ལེགས་པར་བསྒྲུབས་པས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འབབ་འཕར་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ས་ཁུལ་དེ་ཡོངས་ཀྱི་དབུལ་པོའི་མི་གྲངས་ཉུང་དུ་ཤུགས་ཆེན་ཕྱིན་ཡོད།

    དབུལ་སྐྱོར་གསར་སྤེལ་ལ་ཕན་འབྲས་བཟང་པོ་ཐོན་པ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་གསར་སྤེལ་གྱི་ལས་ཀ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ“སེམས་ཁྲལ་མེད་པ་གསུམ་དང་འགན་ལེན་གསུམ”དང“དམའ་རུ་གཏོང་བ་གཉིས་དང་མངོན་འགྱུར་གཅིག”གི་དམིགས་ཚད་བསྒྲུབ་རྒྱུར་གཞིགས་ཏེ། རྣམ་གྲངས་ལ་མ་དངུལ་གཏང་རྒྱུར་དམ་འཛིན་བྱས་ནས་ཤང་ཧྲིལ་པོར་སྐུལ་འདེད་དང་། ཁྱོན་ཡོངས་དབུལ་སྐྱོར། ངལ་ནུས་གཞན་སྒྱུར་སོགས་ཀྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཤིང་། ཁྱོན་བསྡོམས་རྣམ་གྲངས་1136ལག་བསྟར་བྱས་ཏེ་རྫོང་12དང་ཤང་དང་གྲོང་རྡལ་82ཀྱི་གྲོང་ཚོ(གྲོང་ལྷན)ཨུ་ལྷན་525ལ་ཁྱབ་པས། མང་ཚོགས་དུད་ཚང་ཁྲི་9ལྷག་ཙམ་དང་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་ནས་མི་63745དབུལ་སྒྲོལ་ཐུབ་ཡོད།

    ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གིས་སྔར་ནས་བཟུང་ཕན་ནུས་ལྡན་པའི་ལས་དོན་ཏན་ཏིག་སྤེལ་བ་བརྒྱུད། དབུལ་སྐྱོར་གསར་སྤེལ་ལ་མངོན་གསལ་དོད་པའི་ཕན་འབྲས་ཐོན་པ་དང་། དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། དབུལ་པོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། དབུལ་པོའི་མི་གྲངས་སྔར་བས་ཉུང་དུ་ཕྱིན་ཡོད། དེས་ན། ལྷོ་ཁ་ས་ཁུལ་ལོ་3བསྟུད་མར་ལྗོངས་ཡོངས་ཀྱི་ས་ཁུལ་རིམ་པའི་དབུལ་སྐྱོར་གྱི་Aརིམ་པའི་སྔོན་ཐོན་ཚན་པ་གཅིག་པུ་དེར་བདམས་ཡོད།

    དབུལ་སྐྱོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་རྨང་གཞི་བརྟན་པོ་བཏིང་བ།

    ཟངས་རི་རྫོང་འབོད་ཐོས་ཤང་གནས་ལུང་གྲོང་ཚོའི་གྲལ་སྟར་སྒྲིག་པའི་དྲོད་ཁང་ཆེ་མོར་སྔོ་སིང་སིང་གི་སྔོ་ཚལ་སྣ་ཚོགས་སྐྱེས་ནས་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡོད། “ད་ལྟ་ང་ཚོ་ཞིང་འབྲོག་མང་ཚོགས་ལ་གནང་བའི་དབུལ་སྐྱོར་སྲིད་ཇུས་ཀྱིས་དངོས་གནས་སེམས་པ་དྲོ་སོབ་སོབ་ཅིག་བྱས་བྱུང་། ང་ཚོར་མ་དངུལ་སྤྲད་པ་ཙམ་མ་ཟད། ད་དུང་ལག་རྩལ་མི་སྣ་མངགས་ཏེ་ང་ཚོར་སྔོ་ཚལ་འདེབས་སྟངས་བསླབས་བྱུང་། ད་ཆ་ང་ཚོའི་སྔོ་ཚལ་ཐོན་འབབ་མཐོ་ལ་སོས་པ་ཡིན་པས། རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་འདུག”ཅེས་བདེ་སྒྲོན་གྱིས་དྲོད་ཁང་ཆེ་མོར་ཚལ་འགོག་གིན་བཤད།

    ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཏེང་ཅན་ཅུན་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གིས་ཞིང་འབྲོག་ལས་ལ་ཕན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་དམིགས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། ཞིང་ལས་ཐོན་ལས་ཅན་གཉེར་སྐྱོང་། ཚན་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ཏེ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔའི་བར་ལྷོ་ཁ་ས་ཁུལ་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་10བཙུགས་ཡོད། ཐོན་ལས་ཅན་གཉེར་སྐྱོང་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་16784.56འཕར་ཡོད་ལ། ཞིང་དུད་8779སྣེ་ཁྲིད་བྱས་པར་གྲོང་གསེབ་ཀྱི་ངལ་ནུས་མི་492ལས་ཀར་ཞུགས་ཐུབ་ཡོད་ཅེས་བཤད།

    དམངས་འཚོའི་ཉི་འོད་དབུལ་པོའི་མང་ཚོགས་ལ་འཕྲོས་པ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་དོན་ལ་་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱེད་པ་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་གཙོ་གནད་དུ་བྱས་ཏེ་དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཉིས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྐྱོར(ཞིང་ལས་གསར་སྤེལ)གྱི་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་འཇུག་སྒོར་བརྩིས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    གྲངས་གཞི་ལས་མངོན་པར“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁའི་དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་21.07བཏང་ནས་ཁྱོན་རྣམ་གྲངས་1136ལག་བསྟར་བྱས་པ་དེ་རྫོང་12དང་ཤང་(གྲོང་རྡལ)82ཀྱི་གྲོང་ཚོ(གྲོང་ལྷན)ཨུ་ལྷན་525ལ་ཁྱབ་ཡོད་པས་མང་ཚོགས་དུད་ཚང་ཁྲི་9དང་མི་གྲངས་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མི་གྲངས་63745དབུལ་སྒྲོལ་ཐུབ་ཡོད། འདི་ལོ་མི་གྲངས་15238དབུལ་པོའི་གནས་ལས་སྒྲོལ་རྩིས་ཡོད།

    “ཆེད་ལས་མཉམ་ལས་ཁང་དུ་ལས་ཀ་བྱས་ན། ལག་རྩལ་སྣ་གཅིག་ཤེས་པ་མ་ཟད། ད་དུང་ཟླ་རེར་ཡོང་འབབ་སྒོར་3500ཙམ་ཡོང་གི་འདུག་པས། དེ་སྔོན་ལས་ཡག་པ་འདུག”ཅེས་གྲ་ནང་རྫོང་གྲ་ཕྱི་ཤང་གི་བདེ་སྐྱིད་ཀྱིས་ལས་ཀ་བྱེད་བཞིན་དུ་གསར་འགོད་པར་བཤད། དེ་སྔ་བདེ་སྐྱིད་ཁྱིམ་གྱི་ཡོང་འབབ་ཚང་མ་ས་ཞིང་ལ་བརྟེན་ནས་བྱུང་བ་ལས་དཔལ་འབྱོར་གྱི་ཡོང་སྒོ་གཞན་མེད། ད་ཆ་ཁྱིམ་དུ་ཁྱིམ་ཆས་གསར་པ་ཉོས་པ་མ་ཟད། འཚོ་བ་ཡང་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས། བྱིས་པ་དང་རྒན་རྒོན་ཚང་མའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་མངོན། བདེ་སྐྱིད་བཟའ་ཚོས་ད་དུང་ལོ་ཁ་ཤས་དངུལ་བསགས་ནས་རླངས་འཁོར་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་ནས་ཁྱིམ་ཚང་གི་ཡོང་འབབ་འཕར་ཐབས་བྱེད་རྩིས་འདུག

    དབུལ་སྐྱོར་ལས་དོན་ཁག་ལ་སྐུལ་མ་བཏང་བ་བརྒྱུད་དབུལ་པོའི་མང་ཚོགས་དེ་བས་མང་བ་དམངས་འཚོའི་སྲིད་ཇུས་བཟང་པོའི་འོག་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།