དབུ་ཤོག>གསར་འགྱུར།
  • ཡུལ་སྐོར་ལས་གཉེར་བྱས་། འབབ་འཕར་བདེ་སྐྱིད་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-23

    “ད་ཆ་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”སྒྲོལ་མ་གཡང་འཛོམས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་ལས་ལ་བྲེལ་བཞིན་ཡོད་པ་མཐོང་བྱུང་། སྒྲོལ་མ་གཡང་འཛོམས་ཀྱི་སྒོ་རར་དཔེ་མཚོན་གྱི་བོད་བཟོའི་ཉམས་འགྱུར་ལྡན་ཡོད་ཅིང་། གུ་ཡངས་པའི་སྒོ་ར་དང་བཟོ་ལྟ་མཛེས་པའི་བོད་ལུགས་ཀྱི་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པར་སྒྲོལ་མ་གཡང་འཛོམས་ཀྱིས་གཙང་སྦྲ་ཡག་པོ་བྱས་ནས་སྐྱིད་སྣང་དོད་པོ་འདུག

    སྒྲོལ་མ་གཡང་འཛོམས་ནི་བྲག་ཡིབ་ཆུས་སུ་སྐད་གྲགས་ཆོད་པའི“སྟོང་ལོའི་སྟར་སྡོང་གྲོང་ཚོའི”གོང་གྲོང་གྲོང་ཚོའི་གྲོང་མི་ཡིན་ཞིང་། ལོ་འདི་དག་གི་ནང་ཤང་གྲོང་ཡུལ་སྐོར་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ཏེ། སྒྲོལ་མ་གཡང་འཛོམས་ཡང་རིམ་བཞིན་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་། “ང་ཚོའི་ཁྱིམ་དུ་ཞིང་ཁ་ཧ་ཅང་ཉུང་བས་དེ་སྔ་ཕྱུག་པོ་ཆགས་ཐབས་བྲལ། གྲོང་ཚོར་རྨོ་ཞིང་ཅུང་ཉུང་བས་ནང་མི་དྲུག་པོར་ས་ཞིང་མུའུ་བཅུ་ལྷག་ལས་མེད་པས་ས་ཞིང་ལ་བརྟེན་ན་གྲོད་པ་རྒྱགས་ཙམ་ལས་མེད། དེ་སྔོན་ཁྱིམ་ཚང་གི་རྒྱུན་གཏན་འགྲོ་སོང་ཚང་མ་ཁྱོ་བོས་ཕྱི་ལོག་ཏུ་ལས་ཀ་ཙག་ཙིག་བྱས་པའི་དངུལ་ལས་འཚོ་བ་ཐབས་ཆག་ཞིག་འཁྱོལ་གྱི་ཡོད། སྐབས་དེ་དུས་འཚོ་བ་དངོས་གནས་ཕྱུག་པོ་མེད། བུ་མོ་གཉིས་ནི་འཚར་ལོངས་ཡོང་བཞིན་པའི་སྒང་ཡིན། འོན་ཀྱང་ཕྲུ་གུ་ཚོར་འཚོ་བཅུད་གསབ་སྣོན་བྱེད་པའི་དངུལ་མེད”ཅེས་དེ་སྔོན་གྱི་དཀའ་སྡུག་ཆེ་བའི་འཚོ་བའི་སྐོར་གླེང་སྐབས་སྒྲོལ་མ་གཡང་འཛོམས་ཀྱི་མིག་ལམ་དུ་སྔར་བཞིན་ཁྲ་ལྷམ་མེར་མངོན་གྱི་འདུག་ཅེས་བཤད།

    2005ལོར་གོང་གྲོང་གྲོང་ཚོར་གཏམ་བཟང་ཞིག་འབྱོར་བ་སྟེ། གཙོ་གནད་ཀྱི་ཡུལ་སྐོར་རྣམ་གྲངས་ཡིན་པའི“བོད་ཀྱི་དམངས་སྲོལ་གྲོང་ཚོ་དང་པོ”གོང་གྲོང་གྲོང་ཚོར་དངོས་སུ་བཙུགས་པ་དེས་ཀོང་པོའི་བྲོ་བ་དིང་མ་ལྡན་པའི་ཞིམ་ཟས་བཟོ་ཤེས་པའི་སྒྲོལ་མ་གཡང་འཛོམས་ཀྱིས“བོད་ཀྱི་དམངས་སྲོལ་གྲོང་ཚོ་དང་པོར”ཡུལ་སྐོར་བར་བོད་ཁྱིམ་གྱི་ཞིམ་ཟས་མཁོ་འདོན་བྱས། ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་ཁོ་མོས་ཚོང་གཉེར་གྱི་གོ་སྐབས་བཟུང་ནས་ཁྱིམ་ཚང་མགྲོན་ཁང་ཞིག་འཛུགས་རྒྱུའི་ཐག་བཅད།

    སྲིད་གཞུང་གི་རོགས་རམ་འོག་ལོ་དེ་རང་དུ“སྒྲོལ་གཡང་ཁྱིམ་ཚང་མགྲོན་ཁང”དངོས་སུ་གཉེར་བ་རེད། ལས་ལ་བརྩོན་པའི་སྒྲོལ་མ་གཡང་འཛོམས་ཀྱིས་ཁྱིམ་ཚང་མགྲོན་ཁང་ཆུང་ཆུང་དེ་ཚོང་གཉེར་ཧ་ཅང་ཡག་པོ་བྱས་ཤིང་། མགྲོན་ཁང་དེར་ཞག་སྡོད་བྱེད་པའི་ཡུལ་སྐོར་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་པ་དང་། ཀོང་པོའི་ཞིམ་ཟས་ཀྱང་ལོངས་སུ་སྤྱོད་ཐུབ་པ། གྲོང་མིས“དབྱིག་གི་གདངས་ཅན”ཞེས་འབོད་པའི་སྒྲོལ་མ་གཡང་འཛོམས་ཀྱིས་ཐག་རིང་གི་མགྲོན་པོར་ཀོང་པོའི་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་བ་ལ་སོགས་པས་རིམ་བཞིན“སྒྲོལ་གཡང་ཁྱིམ་ཚང་མགྲོན་ཁང”གི་ཚོང་ཇེ་ཡག་ཏུ་སོང་ནས་དཀའ་སྡུག་ཆེ་བའི་འཚོ་བ་ལས་འགྲོལ་ཐུབ་པ་བྱུང་།

    སྒྲོལ་མ་གཡང་འཛོམས་ཀྱིས་གསར་འགོད་པར། ཁོ་མོའི་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ལ་ཁྱོན་ཉལ་ཁྲི་15ཡོད་པ་དང་ཞག་པོ་གཅིག་བསྡད་ན་སྒོར་50ཡིན། ལོ་ལྟར་ཡོང་འབབ་སྒོར་ཁྲི་3ལྷག་ཡོང་གི་འདུག ཡུལ་སྐོར་བ་ཡོང་མང་བའི་དུས་སུ་ཁྱིམ་དུ་ཧ་ལམ་འགྲུལ་པས་ཁེངས་ཀྱི་འདུག་ཅེས་ཟེར།

    གཞི་ཁྱོན་ཆེ་རུ་གཏོང་ཆེད་སྒྲོལ་མ་གཡང་འཛོམས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་བརྒྱ་ཟོག་ཚོང་ཁང་ཞིག་བཙུགས་པས་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་སོང་ཞིང་། “ད་ཆ་ཁྱིམ་གྱི་འཚོ་བ་ཧ་ཅང་ཡག་པོ་ཆགས་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན། ཕྱིན་ཆད་ཀྱི་འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་སྒྲོལ་གཡང་གི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་བཤད།

    1023dt1.jpg

    འདི་ནི་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་གིས་ཡུལ་སྐོར་བར་རོ་བཅུད་ལྡན་པའི་ཇ་སྲུབས་མ་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།