དབུ་ཤོག>གསར་འགྱུར།
  • སྦ་གདུབ་བཙོངས་ནས་ཕྱུག་འགྱུར་བྱུང་བའི་གྲགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-23

    ལོ་རེའི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ནི་གྲགས་པ་བྲེལ་བ་ཆེ་ཤོས་ཀྱི་སྐབས་རེད།

    ཉེ་ཆར། བར་སྐོར་དུ་ཡུལ་སྐོར་བ་བཅུ་ལྷག་ཙམ་གྱིས་རྒན་པོ་གྲགས་པའི་མཐའ་བསྐོར་ནས། ཁ་ཤས་ཀྱིས་སྦ་གདུབ་འདེམས་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་སྦ་གདུབ་ཉོས་ཚར་ནས་དངུལ་སྤྲོད་ཀྱི་ཡོད་པ་གསར་འགོད་པས་མཐོང་བྱུང་། ཁོང་གིས་གསར་འགོད་པར“ད་ནངས་ནས་ད་ལྟ་བར་ཉུང་ཤོས་ལ་སྦ་གདུབ་123བྲིན་སོང་བས་དེ་རིང་གི་ཚོང་ཧ་ཅང་ཡག་པོ་འདུག”ཅེས་དགའ་ལྷང་ལྷང་གིས་ཤོད་ཀྱི་འདུག

    འདི་ལོར་ལོ་57ལ་སླེབས་པའི་གྲགས་པ་ནི་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་བྲག་རྩ་གྲོང་ཚོའི་མི་ཡིན་ཞིང་། བྲག་རྩ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པས་གྲོང་མི་ཚོས་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ལས་ཡོང་འབབ་གཞན་མེད་པ་རེད།

    སྤྱང་གྲུང་ལྡན་པའི་གྲགས་པས“ཁྱིམ་གྱི་བ་ཕྱུགས་བཅུ་ཕྲག་ཁ་ཤས་ཁོ་ནར་བརྟེན་ན་ཕྱུག་འགྱུར་བྱེད་རྒྱུ་ཕར་ཞོག་ཁྱིམ་མི་ཚང་མས་ད་དུང་མུ་མཐུད་དབུལ་པོའི་འཚོ་བ་སྐྱེལ་དགོས་ཀྱི་འདུག”ཅེས་བསམས་ནས་2005ལོར་ས་གནས་དེ་གའི་ཡུལ་ཟོག་མར་དང་། ཤ་སྐམ། འཕྱུར་བ་ཁྱེར་ནས་རེ་བས་ཁེངས་བཞིན་ལྷ་སར་ཆས།

    དགའ་འོས་པ་ཞིག་ལ་གྲགས་པའི་ཚོང་ལམ་དེ་ཡུལ་སྐོར་བ་ཞིག་གིས་ཁོང་གི་ལག་གདུབ་ལ་རིན་གོང་ཆེན་པོ་སྤྲད་པའི་བསླུ་བྲིད་ལས་བྱུང་བ་རེད།

    2011ལོའི་དབྱར་ཁའི་ཉིན་ཞིག་གྲགས་པས་དུས་རྒྱུན་ལྟར་བར་སྐོར་དུ་ཁྲོམ་སྟོན་སྐབས་ཡུལ་སྐོར་བ་ཞིག་གིས་ཁོང་གི་ལག་མགོའི་སྦ་གདུབ་དེ་མཐོང་རྗེས་སྦ་གདུབ་དེ་གཟུགས་པོར་ཕན་པ་མ་ཟད། ད་དུང་རྒྱན་ཆ་ཡང་ཡག་པོ་ཞིག་རེད་ཅེས་བཤད་པ་རེད།

    “ངས་སྒོར་ལྔ་བྱས་ནས་ཚོང་རྩིས་བྱེད་སྐབས། ཡུལ་སྐོར་བ་དེས་རང་འགུལ་ངང་སྒོར་500སྤྲད་པས་ང་རང་ཧང་སངས་བྱུང་། སྐབས་དེའི་ངའི་ཡོང་འབབ་ལྟར་བརྩིས་ན་ཉུང་ཤོས་ལ་ཉིན་བཅུ་ཙམ་ཤི་འཐབ་རོ་འཐབ་བྱས་ན་ད་གཟོད་སྒོར་500རག་ཐུབ”ཅེས་བཤད་ཅིང་། དེར་བརྟེན་གྲགས་པས་བློ་ཐག་རྦད་བཅད་ཀྱིས་ལྷོ་བྲག་རྫོང་ནས་སྦ་གདུབ་སྡེབ་ཉོ་བྱས་ནས་ཡུལ་སྐོར་བ་མང་ཤོས་ཀྱི་སྐབས་སུ་ལྷ་སར་སྦ་གདུབ་འཚོང་བ་དང་། ཡུལ་སྐོར་བ་ཉུང་དུས་མུ་མཐུད་དེ་སྔའི་ཚོང་རྒྱག་གི་ཡོད་པ་རེད།

    གྲགས་པའི་གདམ་ག་དེ་ཡང་དག་པ་ཞིག་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད་དེ། ཁོང་གིས་བར་སྐོར་གྱི་ཁྲོམ་གཞུང་ཆེ་ཆུང་ཀུན་ཏུ་ཡུལ་ཟོག་འཚོང་འགོ་ཚུགས་པ་ནས་བཟུང་ད་བར་ཏུ་ལོ་10ལྷག་ཙམ་འདས་ཤིང་། ལོ་དེ་དག་རིང་གི་ཡོང་འབབ་ཀྱིས་དེ་སྔའི་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་ནས་བོད་ལུགས་ཀྱི་ཐོག་ཁང་ཡག་པོ་བརྒྱབ་པ་དང་ཆབས་ཅིག་ས་གནས་དེ་གའི་གྲོང་མི་ཚོའི་མིག་ལམ་གྱི་ཕྱུག་ཤོས་སུའང་གྱུར་ཡོད་པ་རེད།

    “ཁྲོམ་སྟོན་ནས་ཡུལ་ཟོག་འཚོང་བའི་ལས་ཀ་དེ་དཀའ་ཚེགས་ཅུང་ཆེ་ཡང་ཉི་མ་རེར་བ་ཕྱུགས་འཚོ་བར་སྐྱོད་པ་དང་བསྡུར་ན་ཧ་ཅང་དགའ། ལྷག་པར་དུ་ང་རང་གིས་སྦ་གདུབ་འཚོང་བ་ནས་བཟུང་ཡོང་འབབ་གློ་བུར་དུ་མང་དུ་ཕྱིན་ནས་ལོ་རེར་སྒོར་ཁྲི་དྲུག་བདུན་གསོག་ཐུབ་ཀྱི་འདུག”ཅེས་ཤོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།