དབུ་ཤོག>གསར་འགྱུར།
  • མི་སེམས་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-20

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས”ཞེས་པའི་མཛུབ་སྟོན་གྱི་བླང་བྱ་གལ་ཆེན་ལ་ཐོག་མཐའ་བར་གསུམ་དུ་གཞིགས་ནས། དམངས་འཚོ་འགན་སྲུང་དང་ལེགས་སུ་ཤུགས་ཆེན་གཏོང་བ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་མང་ཚོགས་དང་འབྲེལ་འདྲིས་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་འགྲིལ་བཅས་ཀྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྒྲུབ་དགོས།

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཤིག་རེད། བློ་ཁ་གཏད་མིན་དང་སྟོབས་ཤུགས་ཀྱི་བསྡུར་ཚད་ཀྱིས་བྱ་གཞག་དར་རྒུད་ཇི་ཡོང་ཐག་གཅོད་བྱེད་པའི་འགག་རྩ་ཡིན། མི་སེམས་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་འཕེལ་རྒྱས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། དེའི་ངོ་བོ་ནི་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་ཚོ་དང་མཐུན་སྒྲིལ་བཅས་བྱ་རྒྱུ་དེ་ཡིན་པ་དང་། ཐག་གཅོད་བྱ་རྒྱུ་ནི་མི་སེམས་ཀྱི་གནད་དོན་དེ་རེད།

    རང་ལྗོངས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད་པ་དང་ཆབས་ཅིག་ང་ཚོས་ད་དུང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་བཞིན་ཡོད། གལ་སྲིད་མི་རིགས་ཁག་གི་མང་ཚོགས་ཚོར་དམ་པོར་བརྟེན་ནས་དམངས་སེམས་གཅིག་འགྲིལ་དང་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ན། གཞི་ནས་སྟོབས་དང་ལྡན་པའི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཤིག་ཆགས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་ཐུབ་པ་དང་། གཞི་ནས་མི་བརྒྱ་སེམས་གཅིག་དང་ཀུན་སེམས་གཅིག་འགྲིལ་གྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

    མི་སེར་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པས། རྩ་བ་བརྟན་ན་རྒྱལ་ཁབ་གཞི་ནས་བདེ་འཇགས་ལྡན། མི་སེམས་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་དང་། དམངས་འཚོ་སྔོན་ལ་འཇོག་རྒྱུ་དང་དམངས་འཚོའི་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་བདེ་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི་བྱ་བ་དངོས་བཅུ་མུ་མཐུད་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་བཅོས་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནོར་ཤུགས་དེ་བས་ཆེ་བ་དམངས་འཚོ་ལེགས་སུ་གཏོང་རྒྱུར་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ཚོར་བ་བྱེད་དགོས་པ། དབུལ་སྐྱོར་འགག་སྒྲོལ་དང་། སློབ་གསོ་འཕེལ་རྒྱས། ལས་ཞུགས་རྒྱ་སྐྱེད། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    མི་དམངས་མང་ཚོགས་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་། སྟོབས་ཤུགས་ཀྱི་འབྱུང་ཁུངས། སྲིད་སྐྱོང་པའི་རྩ་བ་བཅས་རེད། མི་སེམས་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། མང་ཚོགས་ཀྱི་ལྟ་བ་གསར་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ། དམ་པ་དོན་གཉེར་གྱི་ལས་ཀ་བྱེད་སྟངས་བཅས་ལ་བརྟེན་ནས་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས་པ་དང་། ཐད་ཀར་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ་དང་། རྟག་ཏུ་འབྲེལ་འདྲིས་བྱེད་པ་དང་། ལས་སློབ་གཉིས་བརྩོན་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས་མང་ཚོགས་དང“གཉེན་ཉེའི་བརྩེ་དུང”ཞིག་ཆགས་པ་དང་“སེམས་སྦྲེལ་ཟམ་པ”ཞིག་སྐྲུན་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱས་ནས། “སྤྱིའི་བགོ་གྲངས་ཆེ་ཤོས”སྤྱད་དེ་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཞིག་ཆགས་པར་བྱེད་པའི་ཁར། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ། ཇུས་གཞི་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཚོ་དེར་ཞུགས་ཚད་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་སེམས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་དགོས།

    ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས་ན་བྱ་གཞག་རླབས་ཆེན་གཞི་ནས་སྒྲུབ་ཐུབ་པ་དང་། མཉམ་ཤུགས་གཅིག་ཏུ་བསྡུས་ན་གཞི་ནས་ལེའུ་གསར་པ་རྩོམ་ཐུབ། འཐབ་ཕྱོགས་གཅིག་གྱུར་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པའི་གལ་ཆེའི་ཐབས་མཆོག་ཅིག་རེད། མི་སེམས་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་དང་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིམ་པ་ཁག་འཆམ་མཐུན་མཉམ་གནས་དང་ཐུན་མོང་ཡར་རྒྱས་ལ་སྐུལ་དེད་གཏོང་བ་བཅས་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་ཁྱབ་རྒྱ་ཆེ་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་སྒོ་ནས་གོང་བུ་གཅིག་ཏུ་འགྲིལ་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། སེམས་ཤུགས་གཅིག་འགྲིལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་མཐུན་སྒྲིལ་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཡོངས་ལ་ཇུས་ཤུགས་མཉམ་འདོན་གྱིས་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།