དབུ་ཤོག>གསར་འགྱུར།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་གཅིག་ཀྱང་ཆད་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-18

    217051_yis_1444888863267.jpg

    འདི་ནི་ཉིང་ཁྲི་ས་ཁུལ་གྱི་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་སྤོ་བོ་རྫོང་ཡིད་འོང་པད་ཁའི་རྟེན་གཞི་ཡིན་པ(དཔྱད་གཞིའི་པར་རིས)

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དངོས་སྒྲུབ་ཀྱི་གདམ་ག་ཞིག་རེད།

    འདི་ལོའི་ཟླ་3ཚེས་8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དབུལ་སྐྱོར་འགག་སྒྲོལ་བྱ་རྒྱུ་དམ་འཛིན་དང་། འཕྱུགས་མེད། དོན་ཐོག་ཏུ་འཁྱོལ་བ་བཅས་དམིགས་སར་འབྱོར་བ་བྱས་ཏེ་ལས་ཡུན་ལྡོག་རྩིས་བྱེད་པ་དང་ཞིབ་རྩིས་ཡག་པོ་བརྒྱབ་ནས་གྲངས་ཉུང་མི་རིགས་གཅིག་ཀྱང་མི་ལུས་པ་དང་ས་ཁུལ་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས་པ་བསྟན་ཡོད།

    འཚོ་བ་ཡག་པོ་སྐྱེལ་བར་བོད་མི་དམངས་རྗེས་སུ་ལུས་མི་རུང་བ་དང་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་བོད་ཀྱིས་རྐང་པ་འཐེན་མི་རུང་།

    དེས་ན“གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོའི”ཞྭ་མོ་དེ་ཇི་ལྟར་བྱས་ཚེ་གཞི་ནས་ཕུད་ཐུབ་བམ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་དབུལ་སྐྱོར་ལས་དོན་ཐད་འགོ་ཡག་པོ་བཙུགས་པ་དང“མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་གཅིག་དང་། མངོན་གསལ་དོད་པོས་ཆག་པ་གཉིས། མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་གསུམ། ཚད་བརྒལ་ཕྲན་བུ་བྱུང་བ་བཞི”བཅས་ཀྱི་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། གཅིག་ནས་ཞིང་འབྲོག་པའི་ཡོང་འབབ་མངོན་གསལ་དོད་པོས་འཕར་བ་དང་2014ལོའི་ལོ་མཇུག་ཏུ་མང་ཚོགས་དབུལ་པོའི་ཡོང་འབབ་འཕར་ཚད་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་3འཕར་བ་དང་། གཉིས་ནས་མི་འབོར་དབུལ་པོ་དང་དབུལ་པོ་ཐོན་ཚད་མངོན་གསལ་དོད་པོས་ཆག་ནས་2014ལོའི་ལོ་མཇུག་ཏུ་སླེབས་སྐབས་དབུལ་པོ་ཐོན་ཚད་49.62%ནས་32.95%བར་ཆག་པ། གསུམ་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ། ཁོར་ཡུག་སྲུང་སྐྱོང་བཅས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་འབྲེང་ཐག་ཟམ་པ་84སྒྱུར་བཀོད་བྱས་པ་དང་། མང་ཚོགས་དབུལ་པོ་ཁྲི་10ལྷག་ཙམ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་དུ་སྤོས་པ། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.7%དང་98.28%སོ་སོར་ཟིན་པ། ཞིང་འབྲོག་མང་ཚོགས་ཁྲི་60ལྷག་ཙམ་གྱི་བདེ་འཇགས་འཐུང་ཆུའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ། ལྗོངས་ཡོངས་ཀྱི་སློབ་ཆུང་གི་སློབ་ཞུགས་བྱེད་ཚད་99.59%ཟིན་པ། དམའ་རིམ་སློབ་འབྲིང་གི་སློབ་ཞུགས་བྱེད་ཚད་98.75%ཟིན་པ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་ཁྱོན་ཡོངས་ནས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་ལ་སོགས་རེད། བཞི་ནས་རྒྱལ་ཁབ་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་74.22བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མ་འཇོག་གི་172.6%ལེགས་གྲུབ་ཟིན་པ་དང་། མི་ལ་མིང་ཡོད་པ་དང་། དུད་ཚང་ལ་གཱ་ཡོད་པ། གྲོང་ཚོར་དེབ་ཡོད་པ། ཤང་ལ་དེབ་ཡོད་པ། རྫོང་དུ་གློག་རྡུལ་ཡིག་ཚགས་ཡོད་པ། ས་ཁུལ(གྲོང་ཁྱེར)ལ་སྟེགས་བུ་ཡོད་པ། རང་སྐྱོང་ལྗོངས་ལ་གྲངས་གཞིའི་མཛོད་ཡོད་པ་བཅས་ཀྱི་མི་འབོར་དབུལ་པོའི་འགུལ་རྣམ་དོ་དམ་མ་ལག་བཙུགས་པ། དུད་ཚང་དང་ཡུལ་བབ་ལ་བསྟུན་ནས་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་གཏོང་བ་དང་། དུད་ཚང་གི་ཐོན་ལས་འཕེལ་རྒྱས་གཏོང་བ། ཆ་སྒྲིག་རོགས་སྐྱོར་སོགས་རོགས་སྐྱོར་བྱེད་ཐབས་ལག་བསྟར་བྱས་པ། “རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་ཁུར་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ། ཤང་གྲོང་གིས་ཆེད་བསྐོས་ལས་ཀ་བྱེད་པ”བཅས་ཀྱི་དོ་དམ་སྒྲིག་སྲོལ་བཟོས་པ་དང“གྲོང་ཚོར་ལས་དོན་སྤེལ་བ་དང་དུད་ཚང་ལ་དབུལ་སྐྱོར་བྱེད་པའི”ལས་ཀའི་ལམ་སྲོལ་སོགས་བཟོས་ཏེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་ཐོབ་པ་བཅས་རེད།

    2015ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གནད་སྨིན་དབུལ་སྐྱོར་ཁྱབ་གདལ་གཏོང་དགོས་པ་བཏོན་པ་དང་བོད་ཀྱི་དབུལ་སྐྱོར་ལས་དོན་སྤེལ་སྟངས་གསར་གཏོད་ཧུར་ཐག་བྱས་ནས“ཆུ་ཆེན་ཞིང་ཁར་ཁེབས་པ་གཏོང་བ”ནས“སྦུ་གུས་གནད་སྨིན་ངང་ཞིང་ཆུ་གཏོང་བའི”བར་འགྱུར་ལྡོག་བཏང་སྟེ་དབུལ་སྐྱོར་ཐོན་ཁུངས་དེ་དུད་ཚང་དབུལ་པོར་གནད་སྨིན་ངང་གཅིག་སྡུད་བྱ་རྒྱུ་རེད།

    དབུལ་པོའི་རྩ་བ་འཕྱུགས་མེད་ངང་བཙལ་ནས་ཐབས་ཇུས་ཡང་དག་འདོན་པ།

    འདི་ལོའི་ཟླ་8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་བོད་དུ་དབུལ་སྐྱོར་གསར་སྤེལ་དང་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་སོགས་ལས་དོན་ལ་བརྟག་ཞིབ་གནང་སྐབས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་སྲ་བརྟན་དང་ཡང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་ཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག་ཐབས་ལམ་འཕྱུགས་མེད་ངང་འཚོལ་བ་དང་བྱེད་ཐབས་ཤུགས་ཆེར་བཏང་སྟེ་གནད་སྨིན་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་དབུལ་སྐྱོར་ཕྱུག་འགྱུར་གོམ་སྟབས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་གཅིག་པུ་ཡིན་པའི་ངོས་ནས་ད་ཕན་ལོ་ཤས་རིང་བོད་ཀྱིས“དབུལ་པོ་སུ་ཞིག་ལ་རོགས་སྐྱོར་བྱེད་པ་དང་། སུས་དབུལ་སྐྱོར་བྱེད་པ། ཇི་ལྟར་བྱས་ཏེ་དབུལ་སྐྱོར་བྱེད་པ”བཅས་ལ་དམིགས་ནས་ཡིག་ཚགས་དང་གཱ་བཟོ་བ་བརྒྱུད་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་བྱས་ཏེ“མཉམ་ལས་ཁང་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བ”དང“ཏང་ཀྲི་པུའུ་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི”གནད་སྨིན་དབུལ་སྐྱོར་དཔེ་དབྱིབས་གསར་གཏོད་བྱས་ནས་མི་འབོར་དབུལ་པོ་ཐོན་ཚད་ཉུང་དུ་བཏང་བར་ལོ་བཞིའི་ནང་དབུལ་པོ་ཁྲི་50ལྷག་ཙམ་ཉུང་དུ་ཕྱིན་པ་རེད།

    དབུལ་པོ་འཕྱུགས་མེད་ངང་འཚོལ་རྒྱུ་དེ་གནད་སྨིན་དབུལ་སྐྱོར་གྱི་འགག་རྩ་ཡིན་ཞིང་། སྔོན་ཆད་ཀྱི་དབུལ་སྐྱོར་བྱ་ཡུལ་ཁ་ཤས་ཀྱི་ཆ་འཕྲིན་ཁོང་དུ་ཆ་ཚང་པོ་ཆུད་མེད་པ་དང་དབུལ་སྐྱོར་མ་དངུལ་ཁ་ཤས“ཁ་ཡོད་ཚད་ལ་བུ་རམ་སྦྱིན་པ”དང“ཆུ་ཆེན་ཞིང་ཁར་ཁེབས་པ་གཏོང་བ”སོགས་ཀྱི་སྣང་ཚུལ་ཐག་གཅོད་བྱ་ཆེད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་གནད་སྨིན་དབུལ་སྐྱོར་ལས་ཀའི་ལམ་སྲོལ་རིམ་བཞིན་བཙུགས་པ་དང་། དུད་ཚང་དབུལ་པོའི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་སྤེལ་བ། དུད་ཚང་དབུལ་པོའི་དབུལ་པོ་ཆགས་པའི་རྒྱུ་རྐྱེན་དབྱེ་ཞིབ་བཅས་བྱས་ནས་འབེལ་པོ་དེ་ཙམ་མེད་པའི་ཆེད་དོན་དབུལ་སྐྱོར་མ་དངུལ་དེ་དག་མང་ཚོགས་དབུལ་པོའི་ཐོག་སྤྱད་པ་རེད།

    དབུལ་སྐྱོར་བྱ་ཡུལ་འཕྱུགས་མེད་ངང་བཙལ་རྗེས“འཇོན་ཐང་ཅན”དེ་དག་དབུལ་སྐྱོར་བྱེད་པའི་གཙོ་ཤུགས་དམག་གི་གྲས་སུ་བརྩིས་ནས“སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་སྣེ་ཁྲིད་བྱེད་པའི”ལག་ལེན་འཚོལ་ཞིབ་བྱས་པ་རེད། “ན་ནིང་སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་70བཏང་ནས་གསོ་སྤེལ་གཞི་ཁྱོན་སྔར་བས་ཆེ་རུ་བཏང་བ་དང་ང་ཚོས་ཁྱིམ་ཚང་དབུལ་པོ་70ལ་རོགས་སྐྱོར་བྱེད་འགོ་ཚུགས་ཡོད”ཅེས་དགའ་གྲོང་གྲོང་ཚོའི་བོད་བྱ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་སྐལ་བཟང་ཚེ་རིང་གིས་བཤད་པ་དང་དབུལ་སྐྱོར་རྣམ་གྲངས་ཀྱི“འཇོན་ཐང་ཅན”དུ་གཏན་འཁེལ་བྱས་རྗེས་ཁོང་ལ་གནོན་ཤུགས་དེ་བས་ཆེ་རུ་ཕྱིན་པ་རེད།

    ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་གིས“འཇོན་ཐང་ཅན་དེ་དག་ལ་ཉམས་མྱོང་དང་ལག་རྩལ་ལྡན་ལ་སྤྱང་གྲུང་དོད་པས་དུད་ཚང་དབུལ་པོ་སྣེ་ཁྲིད་བྱེད་ནུས་ཡོད་པ་དང་ཁོང་ཚོར་རྣམ་གྲངས་ཁག་གཅིག་གཉེར་སྐྱོང་བྱ་རྒྱུར་རོགས་སྐྱོར་བྱས་པ་བརྒྱུད་ཁྱིམ་ཚང་དབུལ་པོར་གླ་ཆའི་རང་བཞིན་གྱི་ཡོང་འབབ་ཡོད་པ་མ་ཟད། ཐོབ་ཆ་བགོ་བ་སོགས་ཀྱི་ཡོང་འབབ་ཀྱང་ཡོད་སྟབས་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་བཤད།

    གནད་སྨིན་དབུལ་སྐྱོར་ལས་ཀའི་ལམ་སྲོལ་ལ་བརྟེན་ནས་རང་ལྗོངས་ཀྱི་མི་འབོར་དབུལ་པོ་ལོ་རེ་བཞིན་ཉུང་དུ་ཕྱིན་པ་དང་རེས་སྐོར་གསར་པའི་ཡིག་ཚགས་དང་གཱ་བཟོས་ནས་ཁས་ལེན་གཏན་འཁེལ་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་དེ་2013ལོའི་ལོ་མཇུག་གི་མི་ཁྲི་80ནས་2014ལོའི་ལོ་མཇུག་གི་མི་ཁྲི་69བར་ཉུང་དུ་ཕྱིན་པ་རེད།

    ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ“གཞན་བརྟེན”ནས“རང་འཕེལ”བར་འགྱུར་ལྡོག་ཕྱིན་པ།

    གདིང་གཞི་གསལ་བ་དང་། གནས་ཚུལ་གསལ་བ། དོ་དམ་ནན་པ། བྱེད་ཐབས་ཏན་ཏིག་བཅས་བྱས་ཏེ་གནད་སྨིན་དབུལ་སྐྱོར་ལམ་སྲོལ་བཙུགས་པའི་བོད་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་རེས་སྐོར་གསར་པའི་ལག་ལེན་བྱེད་འགོ་ཚུགས་པ་རེད།

    ཁ་རུབ་ཆུས་རུ་བཞི་ཤང་བསམ་མདོ་གྲོང་ཚོར་གནས་པའི་ཆབ་མདོའི་རོལ་རྩེད་ཁང་འབྲིང་ཆུང་དང་པོ་ཡིན་པའི་བསམ་དོན་ལྷུན་གྲུབ་སྣོད་བཅུད་རོལ་རྩེད་ཁང་བསྐྲུན་པ་དང་འཁོར་རྒྱུག་བྱས་པ་དེས། གྲོང་ཁུལ་གྱི་ཡུལ་མིའི་སྤྲོ་གསེང་རོལ་རྩེད་ཀྱི་དགོས་མཁོ་བསྐངས་པ་མ་ཟད་དུད་ཚང་དབུལ་པོའི་ཡོང་འབབ་ཀྱང་འཕར་བ་རེད། འདི་ལོ་ཁ་རུབ་ཆུས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་དབུལ་སྐྱོར་མ་འཇོག་སྒོར་ཁྲི་253བྱས་པའི་བསམ་དོན་ལྷུན་གྲུབ་སྣོད་བཅུད་རོལ་རྩེད་ཁང་འདི་ཉིད་ས་ཆ་དེ་གའི་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་གྲགས་ཅན་ཞིག་ཏུ་གྱུར་ཡོད། རོལ་རྩེད་ཁང་གིས་བསམ་དོན་ལྷུན་གྲུབ་སྣོད་བཅུད་རོལ་རྩེད་ཁང་གི་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཁང་གིས“རྟེན་གཞི་དང་ཞིང་དུད་ཟུང་དུ་འབྲེལ་བའི”གཉེར་སྐྱོང་དཔེ་དབྱིབས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དུད་ཚང་དབུལ་པོའི་ཡོང་འབབ་གཉིས་ཀ་འཕར་རྒྱུར་སྐུལ་ཁྲིད་བྱས་པར་ཟླ་5པ་ནས་10པ་བར་ཁོ་ནར་ཡོང་འབབ་ཁེ་གཙང་སྒོར་ཁྲི་17བྱུང་བ་དང་དུད་ཚང་དབུལ་པོ་25ལ་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6500བྱུང་བ་རེད། བསམ་མདོ་གྲོང་ཚོར་ཡང་འཕོ་འགྱུར་ཆེན་པོ་བྱུང་ནས་གྲོང་མིའི་འཚོ་བ་ཇེ་ཡག་ཏུ་སོང་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི“ཁག་གཅིག་བྱས་པ་དྲུག”གི་རོགས་སྐྱོར་རྩ་དོན་དོན་འཁྱོལ་བྱས་པ་སྟེ། ཐོན་ལས་ཁག་གཅིག་ལ་རོགས་སྐྱོར་བྱེད་པ་དང་། ནུས་པ་མཐོར་གཏོང་བྱས་ནས་ལས་ཞུགས་ཁག་གཅིག་བྱེད་པ། གནས་སྤོས་བཀོད་སྒྲིག་ཁག་གཅིག་བྱེད་པ། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁག་གཅིག་གི་གདིང་གཞི་གསལ་རྟོགས་བྱེད་པ། སྨན་བཅོས་རོགས་སྐྱོབ་ཁག་གཅིག་བྱེད་པ། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་ཁག་གཅིག་བྱེད་པ་བཅས་བྱས་ནས་གྲོང་ཚོ་དབུལ་པོ་དང་། དུད་ཚང་དབུལ་པོ། མི་འབོར་དབུལ་པོ་བཅས་ལས་དོན་སྤེལ་ཡུལ་དུ་བྱེད་པ་དང་ཞིང་འབྲོག་དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་གཏོང་བ་དང་གྲོང་ཚོ་དབུལ་པོའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་དབུལ་སྐྱོར་གསར་སྤེལ“དུད་ཚང་དུ་འཆར་འགོད་དང་མི་ཐོག་ཏུ་འགན་འཁྲི་དོན་འཁྱོལ་བྱེད་པའི”ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཐོག་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)11དང་། ཤང་གྲོང་138 གྲོང་ཚོ་1142 མི་འབོར་དབུལ་པོ་ཁྲི་20.2(2015ལོའི་ལོ་འགོར་རང་སྐྱོང་ལྗོངས་ཀྱིས་དམིགས་ཚད་ཁྲི་19.6ཞིབ་དཔྱད་གཏན་འཁེལ་བྱས་པ་དང་ཟླ་9པར་ཁྲི་0.6ཁ་གསབ་བྱས་པ)ལ་ཡིག་ཚགས་དང་གཱ་བཟོས་ནས་གནད་སྨིན་དབུལ་སྐྱོར་གྱི་འགག་སྒྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་རེད། 2015ལོའི་ལོ་འགོ་ནས་ད་བར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་22500བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་རྣམ་གྲངས་180ལག་བསྟར་བྱས་པ་དང། སྔོ་ཚལ་འདེབས་འཛུགས་དང་། དཔལ་འབྱོར་ནགས་ཚལ་འདེབས་འཛུགས། བོད་ཕག་དང་བོད་བྱ་གསོ་སྤེལ། བཞོན་མ་གསོ་སྤེལ། ཆུ་འདྲེན་ཆུ་ཡུར། ཤང་དང་གྲོང་ཚོའི་གཞུང་ལམ་སོགས་ཐད་དབུལ་སྐྱོར་རྣམ་གྲངས་77ཡོད་པ། 2011ལོ་ནས་2013ལོ་བར་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ་དུད་ཚང་3200སྐྲུན་པ་བཅས་རེད།

    བོད་འདི་ཉིད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན། ཨེ་ཤེ་ཡ་ལྷོ་རྒྱུད་དུ་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་བཅས་ཡིན་ཞིང་། ཇི་ལྟར་བྱས་ཏེ་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་འབྲེལ་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་བཅས་ཐོན་ལས་དབུལ་སྐྱོར་གྱི་ཐོན་ལས་ལ་བརྩི་རྒྱུ་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་གྲོས་བསྡུར་དང་འཚོལ་ཞིབ་བྱེད་པའི་གླེང་གཞི་ཞིག་རེད།

    ལམ་བུ་ཡག་པོ་ཤུགས་ཆེན་བཏིང་ནས་གནད་སྨིན་དབུལ་སྐྱོར་བྱས་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཁམ་བུ་འདེབས་འཛུགས་རྟེན་གཞིར་བསྐྱོད་ཚེ་མུའུ་སྟོང་གི་ཁམ་སྡོང་ལས་མི་རྣམས་དེའི་གཞི་ཁྱོན་ལ་ཧང་སངས་ཀྱི་ཡོད། འདི་ལོའི་ཟླ་5པར་དཔལ་སྡིངས་གྲོང་ཚོས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དང་ཟླ་8པར་སྐབས་དང་པོའི་ཁམ་བུ་འཐུ་བའི་དུས་ཆེན་གཉེར་ནས་ཁྲེང་ཀོན་ཆུས་ལ་སྤྲོ་གསེང་བྱ་ཡུལ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ཉེ་འདབས་ཀྱི་དཔལ་འབྱོར་ལ་བཀྲག་མདངས་འཚེར་ས་ཞིག་བསྣན་ཡོད།

    བློ་གསལ་ནི་དཔལ་སྡིངས་གྲོང་ཚོའི་གྲོང་མི་ཡིན་ཞིང་། “ཁམ་བུ་འདེབས་འཛུགས་རྟེན་གཞི་དེས་གྲོང་མིའི་ས་ཞིང་བོགས་མར་བླངས་ཏེ་མུའུ་རེར་ལོ་རེར་སྒོར་2000སྤྲོད་པ་དང་ངས་དེར་ཁམ་བུའི་ལྡུམ་ར་སྲུང་བ་དང་ཁམ་སྡོང་ལ་ཆུ་རྒྱག་གི་ཡོད་པས་ཟླ་རེར་གླ་ཕོགས་སྒོར་2100ཡོད”ཅེས་ཁོང་གིས་བཤད།

    ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་གིས་དབུལ་སྐྱོར་རྣམ་གྲངས་དེས“ཀུང་སི་དང་། ཞིང་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་ཅན་གྱི་གཉེར་སྐྱོང་དཔེ་དབྱིབས་སྤྱད་པ་དང་ཞིང་དུད་ནི་དུད་ཚང་དབུལ་པོར་ཟེར་བ་དང་རྟེན་གཞི་ནི་ཁམ་བུ་འདེབས་འཛུགས་རྟེན་གཞིར་ཟེར་གྱི་ཡོད། དུད་ཚང་དབུལ་པོ་260ཡི་མི་780མ་རྐང་ནང་ཞུགས་པ་དང་མ་རྐང་གི་རྣམ་པ་སྤྱོད་ཀྱི་ཡོད། ཁྲེང་ཀོན་ཆུས་ནོར་སྲིད་ཅུས་ཀྱིས་ཆེད་མངགས་དབུལ་སྐྱོར་རྩིས་ཁྲ་བཟོས་པ་དང་གོམ་སྟབས་རྗེས་མར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པར་སྔོན་ལ་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་དེ་རྗེས་ཁམ་བུ་འཐུ་རྒྱུ་ཡིན་པས་ཕན་ནུས་མདུན་ལམ་ཡངས་པོ་ཡོད་ཅེས་བཤད་པ་རེད།

    ཟླ་བ་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་རྒུ་རུམ་སྣང་རྩེ་རྩམ་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ཞིང་། ཀུང་སི་བཙུགས་པ་ནས་བཟུང་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཀུང་སི་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ལ་བརྟེན་ནས་ཐོན་སྐྱེད་གཞི་ཁྱོན་སྟོབས་ཆེར་ཧུར་ཐག་གཏོང་བ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སྒྲིག་བྱས་ཐོག“མངགས་ཐོའི་རྣམ་པ”དང“གན་རྒྱའི་རྣམ་པའི”ཐོན་ནས་འདེབས་འཛུགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྲོམ་རའི་རིན་གོང་ལས་སྒོར་0.2མཐོ་བའི་ཐོག་ནས་མང་ཚོགས་ལ་ཁེ་ཕན་བསྐྲུན་ཏེ་འདེབས་འཛུགས་དུད་ཚང་4000ལ་འབབ་འཕར་ཐུབ་རྒྱུར་འགྱེད་འཕྲོའི་རྣམ་པ་ལྡན་པའི་སྐུལ་ཁྲིད་བྱས་པ་དང་། ལས་ཞུགས་ལས་གནས་རྒྱ་ཆེར་ཧུར་ཐག་བཏང་སྟེ་ཞིང་དུད་310རྩམ་པ་ལས་སྣོན་བྱེད་པའི་ཁྲོད་བསྡུས་པར་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.7ཐུབ་ནས་དུད་ཚང་དབུལ་པོ་248སྣེ་ཁྲིད་དེ་དབུལ་སྒྲོལ་ཐུབ་པ་རེད།

    ས་ཁུལ་དབུལ་པོའི་དབུལ་སྒྲོལ་སྒུལ་ཤུགས་ནུས་ལྡན་ངང་འཕེལ་བར་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས་ཁྲོམ་རའི་བསམ་ཕྱོགས་དང་ཁྲོམ་རའི་ལམ་སྲོལ་ལ་མཐོང་ཆེན་བྱས་ཏེ་རིགས་ཁག་གི་ཐོན་སྐྱེད་གྲུབ་ཆ་ས་ཁུལ་དབུལ་པོར་འཁོར་རྒྱུག་བྱ་རྒྱུར་འདྲེན་འགུགས་བྱས་པ་དང་སྲིད་གཞུང་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། ཞིང་པ་བཅས་ཟུང་དུ་འབྲེལ་བའི་མ་རྐང་མཉམ་ལས་གཉེར་སྐྱོང་དཔེ་དབྱིབས་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད་རིགས་ཁག་གི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་ནས་ཡུལ་དེའི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་25ཁས་ལེན་བྱས་པ་དང་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་32སྐྱེད་སྲིང་བྱས་པར་དེང་རབས་ཀྱི་ཞིང་ལས་དང་། མི་རིགས་ལག་ཤེས་བཟོ་ལས་ལས་སྣོན། ཡུལ་སྐོར་སྤྲོ་གསེང་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    2014ལོར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་དབུལ་སྐྱོར་གསར་སྤེལ་གྱི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་སྤེལ་ཡོད། མི་འབོར་དབུལ་པོར་མཐིལ་རྟོགས་རང་བཞིན་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པའི་རྨང་གཞིའི་ཐོག་དབུལ་སྐྱོར་སྡེ་ཚན་གྱིས་དུད་ཚང་དབུལ་པོའི་ཆ་འཕྲིན་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་བ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཞུགས་པའི་དུད་ཚང་དབུལ་པོའི་ཆ་འཕྲིན་སྤེལ་རེས་སྟེགས་བུ་བསྐྲུན་ཏེ་དབུལ་པོ་དངོས་འབྲེལ་ཡིན་པ་དང་དངོས་སུ་རོགས་སྐྱོར་བྱེད་དགོས་པའི་མང་ཚོགས་དབུལ་པོ་དབྱེ་འབྱེད་ཡང་དག་བྱེད་པ་དང་འབྲེལ་རིམ་པ་བཞིན་ལས་འགན་ཁག་བགོས་དང་རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེའི་ཐོག་མིང་རྟགས་བཀོད་ནས“གྲོང་ཚོ་གཅིག་ལ་ཐབས་ཇུས་གཅིག་དང་། དུད་ཚང་གཅིག་ལ་བྱ་ཐབས་གཅིག གྲོང་ཚོ་གཅིག་ལ་འགན་ཁུར་མཁན་དུད་ཚང་གཅིག”སོགས་ཀྱི་བྱེད་ཐབས་སྤྱད་ནས་གནད་སྨིན་རོགས་སྐྱོར་བྱས་པ་རེད།

    “གཞན་བརྟེན”ནས“རང་འཕེལ”བར་དང“ཆུ་ཆེན་ཞིང་ཁར་ཁེབས་པ་གཏོང་བ”ནས“སྦུ་གུས་གནད་སྨིན་ངང་ཞིང་ཆུ་གཏོང་བའི”བར་བོད་འདི་ཉིད་གནད་སྨིན་དབུལ་སྐྱོར་གྱི་འགྲོ་ལམ་ཐོག་དེ་བས་ཡིད་ཆེས་ཀྱིས་ཁེངས་པའི་ངང་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།