སྣེ་ཁྲིད་པའི་ནུས་པ་གང་ཡོད་འདོན་སྤེལ་བྱེད་པ།
བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བར་ལྟེ་བ་ནི་གཞི་རིམ་དང་འགག་རྩ་ནི་དཔུང་ཁག་ལ་ཐུག་ཡོད།
གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ནི་ཞིང་འབྲོག་ཁུལ་དུ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་ཐད་ཀར་ལག་བསྟར་བྱེད་མཁན་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་མཁན་གྱི་སྣེ་འདྲེན་པ་ཡིན་ལ་དེ་བས་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྣེ་ཁྲིད་པ་རེད། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ། སྙན་གྲགས་ལྡན་པ། འགན་འཁྲི་ཁུར་ཕོད་པ། ནུས་པ་ཐོན་ཐུབ་པ་བཅས་ཀྱི་གྲོང་ཚོའི(གྲོང་ལྷན)རྐང་འཛིན་དཔུང་ཁག་གཅིག་སྐྲུན་དགོས་པའི”བླང་བྱ་གཞིར་བཟུང་། གསོ་སྦྱོང་ནང་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། གསོ་སྦྱོང་བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱེད་པ། ཐབས་ལམ་མང་པོ་དང་། གཞི་ཁྱོན་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གསོ་སྦྱོང་བྱས་ཐོག“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་བོད་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པ་རེད།
མིག་སྔའི་བར་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་མཉམ་འགུལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་3500ལྷག་ཙམ་བཏང་སྟེ་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་411གཉེར་བ་དང་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་མི་ཐེངས་ཁྲི་2.9ལ་གསོ་སྦྱོང་བྱས་པར་མི་རེའི་གསོ་སྦྱོང་དུས་ཡུན་ཉིན་10ནས་30བར་ཟིན་ནས་རེས་མོས་གསོ་སྦྱོང་ཐེངས་རེ་བྱེད་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་རེད།
སྣེ་ཁྲིད་པ་ཆིག་ཁྲི་ལྷག་ཙམ་མུ་མཐུད་གསོ་སྦྱོང་བྱས་པ།
ལྗོངས་ཏང་ཨུད་ཀྱིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གསོ་སྦྱོང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གྲོང་ཚོའི་ལས་བྱེད་པའི་གསོ་སྦྱོང་ལས་དོན་ལ་དམ་འཛིན་བྱེད་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་འདིང་དགོས་པའི་ཐད་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཡོད། ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གིས་2015ལོའི་ལས་ཀའི་གཙོ་གནད་གསལ་པོ་བཏོན་པ་དང་གཞི་ཁྱོན་ཆེ་བའི་ངང་གྲོང་ཚོའི་ལས་བྱེད་པ་རེས་མོས་གསོ་སྦྱོང་བྱེད་པ་དང“གྲོང་ཚོའི་ལས་བྱེད་པ་ཆིག་ཁྲིའི་རིག་གནས་བྱང་ཚད་གོང་མཐོར་གཏོང་བའི་འདུ་འགོད”ལག་བསྟར་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཁྲི་3ལྷག་ཙམ་རེས་མོས་གསོ་སྦྱོང་ཐེངས་རེ་བྱ་རྒྱུ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུས་སྤྱི་འདོམས་མཐུན་སྦྱོར་དང་ལས་ཀའི་མཛུབ་ཁྲིད་ལ་སྣེ་ཁྲིད་དེ་དམ་འཛིན་བྱས་ནས《2015ལོའི་ལྗོངས་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གསོ་སྦྱོང་འཆར་འགོད》བཟོས་ནས་གཤམ་སྤེལ་བྱས་པ་རེད། གསོ་སྦྱོང་བྱ་ཡུལ་ལ་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་། སློབ་གྲྭ་ཆེ་མོ་ཐོན་པའི་གྲོང་དཔོན། གྲོང་ཚོའི་ལས་བྱེད་པ་བཅས་ཀྱི་གསོ་སྦྱོང་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པའི་བརྩོན་ལེན་བྱས་པ་དང་། གསོ་སྦྱོང་ནང་དོན་ལ་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན། གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་སོགས་ཟུང་འབྲེལ་བྱས་ཏེ་གོང་འོག་ཚང་མ་དང་འབྲེལ་མཐུད་ཐུབ་པ་བྱས་པ། གསོ་སྦྱོང་བྱེད་ཐབས་ལ་གནས་སྦྱར་སྦྱོང་བརྡར་དང་། ས་གནས་ས་ཐོག་གི་ནང་སྦྱོང་། ཆེད་དོན་འཆད་ཁྲིད། ཉམས་མྱོང་ངོ་སྤྲོད། ཞིབ་བསྡུར་སྤེལ་རེས་སོགས་ཟུང་འབྲེལ་བྱས་ནས་དངོས་ཕན་ཐོབ་པའི་བརྩོན་ལེན་བྱས་པ་བཅས་རེད།
ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ(གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་གིས་དང་ལེན་ཧུར་ཐག་ཞུས་ནས་གསོ་སྦྱོང་འཆར་གཞི་དང་ལས་ཀའི་ཇུས་གཞི་ཞིབ་ཚགས་བཟོས་ཏེ་འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་མཐུན་སྦྱོར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་དང་གསོ་སྦྱོང་སྒྲིག་གཞིས་སྒྲིག་འཛུགས་ལག་བསྟར་ཧུར་ཐག་བྱས་སྟབས། རང་འཁྲིའི་ལས་འགན་འཁུར་བ་དང་། རིམ་དབྱེའི་གསོ་སྦྱོང་བྱེད་པ། རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་རེད།
དགོས་མཁོར་གཞིགས་ནས་སློབ་ཁྲིད་བྱེད་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ནང་དོན་བཀོད་སྒྲིག་བྱས་པ།
རང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་མང་བ་དང་གྲུབ་ཆ་སྣ་མང་ཅན་ཡིན་སྟབས། གསོ་སྦྱོང་གི་དགོས་མཁོ་ཧེ་བག་ཆེན་པོ་ཡོད་པར་བརྟེན། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་2014ལོའི་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ཁྲོད་ཁོང་དུ་ཆུད་པའི་གྲོང་ཚོའི་ལས་བྱེད་པའི་ཁྱད་ཆོས་གཞིར་བཟུང་ཇུས་འགོད་རྩེ་གྲ་བྱ་རྒྱུར་ཤུགས་རྒྱག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་ནང་དོན་གཏན་འཁེལ་བྱས་སྟབས། གཞི་རིམ་ལ་གང་མཁོ་རིགས་དེ་གསོ་སྦྱོང་བྱེད་པ་དང་གྲོང་ཚོའི་ལས་བྱེད་པར་མི་འདང་བ་གང་ཡོད་པ་དེ་ཁ་གསབ་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་གྲོང་ཚོའི་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། གྲོང་ཚོའི་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་བྱང་ཚད་གོང་མཐོར་གཏོང་བ་དང་། སྒྲིག་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་གླིང་ལྔར་ཕྱེ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་ནང་དོན་བཀོད་སྒྲིག་བྱས་པ་རེད།
ཡུལ་གྱི་ཁྱད་ཆོས་ལ་དམིགས་ནས་བབ་བསྟུན་སྣ་མང་གི་གསོ་སྦྱོང་བྱས་པ།
“ད་ཐེངས་ཀྱི་གསོ་སྦྱོང་ལ་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སློབ་ཁྲིད་བྱས་ཡོད་ལ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བས་ཉམས་མྱོང་ཡང་སྤེལ་རེས་བྱས་སྟབས། ང་ཚོས་ཆེད་ལས་མཉམ་ལས་ཁང་ལ་ཤེས་རྟོགས་དེ་བས་ཟབ་ཏུ་ཕྱིན་སོང་། ཕ་ཡུལ་དུ་ལོག་རྗེས། ང་ཚོས་ཀྱང་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུ་ཡིན”ཞེས་མཚོ་སྣ་རྫོང་ལམ་ཕུག་ཤང་ཡང་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆུང་ཚེ་རིང་གིས་ཅང་སུའུ་ཧྭ་ཤིས་གྲོང་ཚོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས་མྱོང་ཚོར་ཆེན་པོས་བཤད།
གྲོང་ཚོའི་ལས་བྱེད་པའི་གསོ་སྦྱོང་ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ས་ཁོངས་མི་འདྲ་བ་དང་། ལོ་ཚད་མི་འདྲ་བ། རིམ་པ་མི་འདྲ་བ། རིགས་མི་འདྲ་བ་བཅས་ཀྱི་གྲོང་ཚོའི་ལས་བྱེད་པའི་ཁྱད་ཆོས་ལ་དམིགས་ནས་གཞི་རིམ་དང་ཉེ་བཅར། དོན་དངོས་དང་ཉེ་བཅར། ལས་དོན་དང་ཉེ་བཅར་བཅས་ཀྱི་བླང་བྱ་གཞིར་བཟུང་བབ་བསྟུན་བྱེད་ཐབས་སྣ་མང་སྤྱད་དེ་གསོ་སྦྱོང་བྱས་པར་གྲོང་ཚོའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ཕྱིན་པ་རེད།
གཅིག་སྡུད་གསོ་སྦྱོང་དང་གཤམ་རིམ་དུ་སློབ་ཁྲིད་བྱ་རྒྱུ་ཟུང་འབྲེལ་བྱས་པ། རང་སྐྱོང་ལྗོངས་དང་ས་ཨུད(གྲོང་ཁྱེར)རྩ་འཛུགས་སྡེ་ཚན་གྱིས་ཆེད་དོན་འཆད་ཁྲིད་དང་དཔེ་སྟོན་འཛིན་གྲྭ་གཉེར་བ་སོགས་བྱེད་སྟངས་སྤྱད་དེ་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པར་གཅིག་སྡུད་ཐོག་རེས་མོས་གསོ་སྦྱོང་བྱས་པ་རེད། མིག་སྔར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ལྕི་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དང་། གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ རིག་གནས་བྱང་ཚད་མཐོར་གཏོང་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ སློབ་གྲྭ་ཆེ་མོ་ཐོན་པའི་གྲོང་དཔོན་གྱི་ལས་གཏོད་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བཅས་དུས་ཐེངས་8གཉེར་ཏེ་སློབ་མ་940ལ་ཐད་ཀར་གསོ་སྦྱོང་བྱས་པ་དང་འབྲེལ། ཏང་གི་སློབ་གྲྭའི་རྒྱང་ཁྲིད་སློབ་གསོའི་མ་ལག་སྤྱད་དེ་ས་ཁུལ(གྲོང་ཁྱེར)གྱི་སློབ་མ་1000ལྷག་ཙམ་ལ་གོམ་སྟབས་གཅིག་གྱུར་ཐོག་ནས་གསོ་སྦྱོང་བྱས་པ་དེའི་ནང་ཉིང་ཁྲི་དང་གཞིས་རྩེར་གསོ་སྦྱོང་དུས་ཐེངས་2བྱས་པ་དང་ཐག་ཉེ་སར་འབྲེལ་ཡོད་ས་ཁུལ(གྲོང་ཁྱེར)དང་གྲོང་ཚོའི་ལས་བྱེད་པ་300གསོ་སྦྱོང་བྱས་པ་དང་། ས(གྲོང)ཨུད་7གྱི་རྩ་འཛུགས་པུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་32གཉེར་ནས་གྲོང་ཚོའི་ལས་བྱེད་པ་3371གསོ་སྦྱོང་བྱས་པ། རྫོང(ཆུས)ཨུད་74ཡི་རྩ་འཛུགས་པུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་375གཉེར་ནས་གྲོང་ཚོའི་ལས་བྱེད་པ་24213གསོ་སྦྱོང་བྱས་པ་རེད།
ཕྱི་ཕྱོགས་སུ་སློབ་སྦྱོང་དུ་འགྲོ་བ་དང་ཚུར་གདན་དྲངས་ནས་སློབ་པ་ཟུང་འབྲེལ་བྱས་པ། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་གྲོང་ཚོའི་ལས་བྱེད་པ“ཕྱིར་བསྐྱོད་རྒྱུར”དོ་སྣང་ཆེན་པོ་བྱས་ཏེ། ལྗོངས་ཕྱི་ནང་གི་སྔོན་ཐོན་གྲོང་ཚོར(གྲོང་ལྷན)སློབ་སྦྱོང་དུ་བཏང་ནས་མཐོང་རྒྱ་དང་མིག་རྒྱང་ཡངས་སུ་གཏོང་གི་ཡོད། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཞིང་ལས་པུའུ་དང་མཐུན་སྦྱོར་བྱས་ནས་ཅང་སུའུ་ཧྭ་ཤིས་གྲོང་ཚོར་ཤང་དང་གྲོང་ཚོའི་རྩ་འཛུགས་ཀྱི་འགན་འཁུར་བའི་ཞིང་པའི་མཉམ་ལས་ཁང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སློབ་མ་50གསོ་སྦྱོང་བྱས་པ་དང་། ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཧྲུའུ་ཅི་3ཅིས་ལིན་དུ་བཏང་བ་དང་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་3ཧྲན་ཏུང་ཧྲོའུ་ཀོང་དུ་དཔེ་སྟོན་གསོ་སྦྱོང་བྱེད་པར་བཏང་བ་རེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་282པེ་ཅིང་དུ་གཅིག་སྡུད་རེས་མོས་གསོ་སྦྱོང་བྱེད་པར་བཏང་བ་དང་གྲོང་ཚོའི་ལས་བྱེད་པ་720སྒྲིག་འཛུགས་བྱས་ནས་ཆུ་ཤུར་ཞིང་ལས་དེང་རབས་ཅན་དཔེ་སྟོན་རྟེན་གཞི་དང་། རང་སྐྱོང་ལྗོངས་སྲིད་གཙང་སློབ་གསོ་རྟེན་གཞི། གྲོང་ཁྱེར་འཆར་འགོད་འགྲེམས་ཁང་། ཞོལ་གྲོང་། སྟག་རྩེ་རྫོང་བཟོ་ལས་གླིང་ཁུལ་བཅས་སུ་ལྟ་སྐོར་སློབ་སྦྱོང་དུ་བཏང་བ་རེད། ནག་ཆུ་དཔལ་མགོན་རྫོང་དང་། འབྲི་རུ་རྫོང་། མཚོ་གཉིས་རྫོང་བཅས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་200ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་དུ་སྔོན་ཐོན་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཉམས་མྱོང་སློབ་སྦྱོང་བྱེད་པར་བཏང་བ་རེད། མངའ་རིས་ས་ཁུལ་གྱིས་ཕུལ་བྱུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་30སྒྲིག་འཛུགས་བྱས་ནས་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བཏང་བ་དང་དུས་མཚུངས། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་པུའུ་དང་མཐུན་སྦྱོར་བྱས་ནས་བོད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སློབ་གྲྭ་ཆེ་མོ་ཐོན་པའི་གྲོང་དཔོན་གྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་བར་སློབ་མ་300གསོ་སྦྱོང་ལ་ཞུགས་པ་རེད།
གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་གསོ་སྦྱོང་འཛིན་གྲྭ་ཁག་གི་ཕན་འབྲས་ཡག་པ་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་། རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ངོས་འཛིན་གཏིང་ཟབ་ཐུབ་པ། མང་ཚོགས་ལས་ཀའི་བྱེད་ཐབས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་སྟངས་ཁོང་དུ་ཆུད་པ། མཐོང་རྒྱ་ཆེ་རུ་དང་མི་འདང་ས་མཐོང་ཐུབ་པ་བཅས་བྱུང་ཡོད། སློབ་མ་ཚོས་ཤེས་རྟོགས་ཐུབ་པའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། ཕྱུག་འགྱུར་རྩལ་ནུས། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས། སྔོན་ཐོན་བྱེད་སྟངས་བཅས་ཁྱེར་ནས་ཡུལ་མི་ཚོར་སློབ་པ་དང་དངོས་ཡོད་ལས་ཀའི་ཁྲོད་བཀོལ་སྤྱོད་བྱ་ངེས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཀྱིས་ད་དུང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དང་སློབ་གྲྭ་ཆེ་མོ་ཐོན་པའི་གྲོང་དཔོན་གྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སོགས་གཉེར་ནས་ཤང་དང་གྲོང་ཚོའི་རྩ་འཛུགས་ཀྱི་འགན་འཁུར་བ་50དང་སློབ་གྲྭ་ཆེ་མོ་ཐོན་པའི་གྲོང་དཔོན་40སྒྲིག་འཛུགས་བྱས་ཏེ་སི་ཁྲོན་ཞིང་ལས་ཚན་རིག་གྲོང་དུ་གསོ་སྦྱོང་དུ་གཏོང་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 罗布玉珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣