སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕེལ་རྒྱས་གཏོང་དགོས་པ་ནི་བསྙོན་མེད་དོན་དམ་ཞིག་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད། མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ཧུར་ཐག་བསྐྲུན་རྒྱུ་དེ་བོད་དར་རྒྱས་ཡོང་བར་བྱེད་པའི་རྩ་བའི་གཞི་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གལ་ཆེན་གྱི་མཛུབ་ཁྲིད་འོག་དམངས་ཕྱུག་བོད་དར་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་གོམ་སྟབས་སྤོ་མྱུར་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
“2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་བརྗིད་ཆེའི་དམིགས་ཚད”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་རྒྱལ་ཡོངས་མི་དམངས་ལ་བཏོན་པའི་འབད་འཐབ་དམིགས་ཚད་ཅིག་དང་བླང་བྱ་གསར་པ་ཞིག་རེད། མིག་སྔར་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་ཡོད། ལོ་རྒྱུས་དང་འབྱུང་འགྱུར་གཉིས་འབྲེལ་མཐུད་བྱེད་གནས་སུ་ལངས་ཏེ་ཞིབ་ལྟ་བྱས་ན་འབྱོར་འབྲིང་སྤྱི་ཚོགས་དེ་རིང་ལྟར་གྱི་ང་ཚོ་དང་ཐག་ཉེ་པོ་དེ་འདྲ་བྱུང་མ་མྱོང་།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་ལྡོག་རྩིས་རྒྱག་པའི་དུས་སུ་སླེབས་ཡོད། མཐའ་མའི་གདོང་མཆོང་གི་འགག་རྩའི་དུས་སུ་ཇི་ཙམ་སླེབས་པ་དེ་ཙམ་གྱིས་དམིགས་ཚད་ཁ་གསལ་དང་ཁ་ཕྱོགས་གསལ་སྟོན་བྱེད་དགོས། ང་ཚོས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི“བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་ཚང་མཛེས་སྡུག མི་རིགས་མཐུན་སྒྲིལ།ཤེས་དཔལ་ཞི་མཐུན”བཅས་ཡོང་བ་བྱེད་དགོས་པའི་བོད་ཀྱི་འབྱོར་འབྲིང་དམིགས་ཚད་ཀྱི་རྩ་བའི་གོ་དོན་ཚན་རིག་དང་མཐུན་པའི་སྒོ་ནས་རྟོགས་པ་བྱེད་པ་དང་། “དམངས་ཕྱུག་བོད་དར”གྱི་ངོ་བོའི་བླང་བྱ་ཁོང་དུ་གསལ་པོ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རིང་བོད་ལ་འཕྲད་པའི་འགྲན་སློང་དང་དཀའ་ངལ་གསལ་པོ་ཤེས་པ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཧུར་ཐག་བསྐྲུན་རྒྱུ་དེ་བོད་དར་རྒྱས་ཡོང་བ་བྱེད་པའི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། སྐྱོན་ཆ་གསབ་པའི་ཐད་ནུས་ཤུགས་གང་ཡོད་འདོན་པ་དང་འབད་འབུངས་ཧུར་ཐག་བྱེད་པ། ས་ཁུལ་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་བོད་ཀྱི་དོན་དངོས་དང་མཐུན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ལམ་བུ་གསར་པ་ཞིག་གཏོད་དགོས།
“འབྱོར་འབྲིང་དུ་འགྱུར་མ་འགྱུར་མི་སེར་ལ་ལྟ་རྒྱུ་རེད”དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལས་རང་ལྗོངས་ཀྱི་ས་ཁུལ་ཁག་གཅིག་ཏུ་དཀའ་ངལ་ཆེ་བའི་དུད་ཚང་མང་པོ་ཡོད་ལ་དཀའ་ངལ་བྱུང་ཚད་ཀྱང་མཐོ་པོ་ཡོད། བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱེད་དགོས་ན་ངེས་པར་དུ་དམངས་འཚོར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྩ་གཞིའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་པ་དང་། གཞི་རིམ། དཀའ་ངལ་ཆེ་བའི་ས་ཁུལ་བཅས་ལ་སྔར་བས་ཕྱོགས་དགོས། དམངས་ཀྱི་བློ་ལ་བབས་པ་དང་དམངས་ལ་ཕན་པའི་བྱ་བ་དངོས་མང་ཙམ་བསྒྲུབ་དགོས། གནད་ལ་འཁེལ་པོས་དབུལ་སྐྱོར་དང་གནད་ལ་འཁེལ་པོས་དབུལ་སྒྲོལ་ཡོང་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་དབུལ་པོའི་རྩ་བ་འཚོལ་བ་དང་དབུལ་པོའི་རྩ་བ་བཀོག་པ་དང་། དབུལ་སྐྱོར་བྱེད་སྟངས་ལེགས་སུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བ། དབུལ་པོར་གྱུར་པའི་གནད་དོན་གཙོ་བོ་ཐག་གཅོད་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་གང་མགྱོགས་ལེགས་སུ་གཏོང་དགོས། ལས་ཞུགས་ཐབས་ལམ་སྔར་བས་ཆེ་རུ་གཏོང་བ་དང་། སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་མགྱོགས་པོ་གཏོང་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤྱི་ཚོགས་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལེགས་པའི་སྒོ་ནས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།