དབུ་ཤོག>གསར་འགྱུར།
  • ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་2016ལོར་སློབ་ཆེན་ནས་སློབ་མ་གདན་ཞུའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-17

    1995ལོའི་ཟླ་7ཚེས་1ཉིན་ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་བཙུགས་པ་དེ་ནི་བོད་དུ་ས་ཚིགས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། མ་དངུལ་གྱི་རྒྱུ་སྟོབས་ཆེ་བ། ཞབས་ཞུའི་བྱེད་ནུས་འཛོམས་པ་བཅས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་བའི་གཞུང་ཁོངས་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་ཆེ་གྲས་ཤིག་ཡིན། རང་རེའི་དངུལ་ཁང་གིས“ཁ་དན་ཚིག་གནས་ལ་བརྟེན་ནས་བྱ་གཞག་གཏོད་པ་དང་ཀུན་སྤྱོད་བབ་བརླིང་ལ་བརྟེན་ནས་སྙན་པ་རིང་དུ་ཁྱབ་པར་བྱེད་པའི”སྲོག་ཤིང་རིན་ཐང་ལྟ་བ་དང“སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་རྩ་བར་འཛིན་པ། འཇོན་ཐང་ཅན་སྤྱོད་པ། ལས་རྗེས་ལ་དང་དོད”བཅས་ཀྱི་ཤེས་ལྡན་པའི་འདུ་ཤེས་ལག་ལེན་བསྟར་ནས་སྔོན་ཐོན་གྱི་ལས་གནས་དོ་དམ་མ་ལག་དང་། ཤེས་ལྡན་པ་གོང་འཕེལ་གྱི་མ་ལག ལས་རྗེས་དོ་དམ་མ་ལག གླ་ཕོགས་དང་ཐོབ་ཆའི་མ་ལག་སོགས་དེང་རབས་མི་ཤུགས་ཐོན་ཁུངས་དོ་དམ་མ་ལག་བཙུགས་ནས་ཁེ་ལས་དང་ལས་བཟོ་ཐུན་མོང་འཚར་ལོངས་ལ་སྐུལ་མ་གཏོང་གི་ཡོད། བོད་ཀྱི་ཡན་ལག་དངུལ་ཁང་གི་དངུལ་རྩའི་ཞབས་ཞུའི་ལས་ཀའི་སྟོབས་ཤུགས་ལ་སྔར་བས་ཤུགས་རྒྱག་ཆེད། ད་ཆ་ཁོངས་གཏོགས་ཁུལ་གྱི་གཞི་རིམ་ལས་གཉེར་དྲ་ཚིགས་ལ་དམིགས་ནས་སློབ་གྲྭ་ནས་སློབ་མ་གདན་ཞུ་བྱ་རྒྱུ་སྟེ།

    གཅིག གདན་ཞུའི་དགོས་མཁོ། (མི་གྲངས་400)

    ད་རེས་ཀྱི་སློབ་བསྡུའི་གདན་ཞུའི་ལས་གནས་ནི་རྒྱུན་སྤྱོད་རིགས་ཀྱི་ལས་གནས་ཡིན་པ་དང་གཙོ་གནད་ཐོག་རང་རེའི་དངུལ་ཁང་ལ་གཉེར་སྐྱོང་རྒྱ་སྐྱེད་སོགས་ཀྱི་གཉེར་སྐྱོང་དོ་དམ་རྣམ་པའི་ཤེས་ལྡན་པ་དང་། ཚན་རྩལ་དང་བཅའ་ཁྲིམས་སོགས་ཆེད་ལས་ལག་རྩལ་རྣམ་པའི་མི་སྣ་གསོ་སྐྱོང་དང་གྲབས་གསོག་བྱ་ཆེད་ཡིན། ཡན་ལག་དངུལ་ཁང་ཁག་གི་ལས་གནས་ཀྱི་ཞིབ་ཕྲའི་གདན་ཞུའི་དགོས་མཁོ་དེ་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚིགས(http://job.abchina.com)སུ་གཟིགས་རོགས་ཞུ།

    རང་རེའི་དངུལ་ཁང་གིས་གཞོན་སྐྱེས་ཚོར་གཞི་རིམ་ནས་འགོ་འཛུགས་པའི་ཆེད་ལས་འཕེལ་རྒྱས་འདུ་ཤེས་འཆང་རྒྱུར་ལྕག་སྐུལ་གཏོང་བ་དང་། གཞོན་སྐྱེས་ལས་བཟོ་ཚོས་དངུལ་ཁང་གི་ཐོན་རྫས་ལས་སྒོ་གཙོ་བོ་གང་མགྱོགས་ཁོང་དུ་ཆུད་པ་དང་རང་རེའི་དངུལ་ཁང་གི་གཞི་རྩའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་ལས་ཀའི་བརྒྱུད་རིམ་ཤེས་རྟོགས་ཐུབ་ཆེད། ལས་བཟོ་གསར་པ་ལས་ཀར་ཞུགས་རྗེས་གཞི་རིམ་གྱི་ས་ཚིགས་སུ་ལས་སྟེགས་ཞབས་ཞུ་དང་ལས་སྒོའི་རྒྱབ་སྐྱོར་སོགས་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུར་བཀོད་སྒྲིག་བྱ་རྒྱུ་ཡིན།

    གཉིས། གདན་ཞུའི་ཆ་རྐྱེན།

    (གཅིག) གདན་ཞུ་བྱ་ཡུལ་ནི་ས་ཁོངས་ཕྱི་ནང་གི་མཐོ་རིམ་སློབ་གྲྭའི་2016ལོའི་ཉིན་གང་ལམ་ལུགས་སློབ་ཆེན་གྱི་དངོས་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ལོ་འདིའི་སློབ་ཐོན་སློབ་མ་ཡིན། དེའི་ནང་རྫོང་ཁོངས་ས་ཁུལ་གྱི་ལས་གནས་སུ་2016ལོའི་ཉིན་གང་ལམ་ལུགས་ཀྱི་ཆེད་ཚན་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་རྒྱུས་ལྡན་པའི་ལོ་འདིའི་སློབ་ཐོན་སློབ་མ(གདན་ཞུའི་ལས་གནས་ཀྱི་ལས་སྟེགས་རྒྱས་བཤད་ལ་ཞིབ་པར་གསལ)འོས་འཚམ་གདན་ཞུ་བྱ་རྒྱུ།

    1.ས་ཁོངས་ནང་གི་སློབ་གྲྭ་ཆེ་མོ་ནས་ཐོན་པའི་སློབ་མ་2016ལོའི་ཟླ་7ཚེས་31ཉིན་གྱི་གོང་དུ་སློབ་གྲྭ་ཐོན་ཟིན་པ་མ་ཟད། སློབ་ཐོན་ལག་ཁྱེར་དང་། སློབ་གནས་ལག་ཁྱེར། ལས་ཞུགས་ཐོ་འགོད་ལག་ཁྱེར་བཅས་ལྡན་དགོས་པ་དང་།

    2. ས་ཁོངས་ཕྱིའི་སློབ་གྲྭ་ཆེ་མོ་ནས་ཐོན་པའི་སློབ་མ་2015ལོའི་ཟླ་1ཚེས་1ཉིན་ནས་2016ལོའི་ཟླ་7ཚེས་31ཉིན་བར་ཡིན་པ(རྒྱལ་ཁབ་སློབ་གསོ་པུའི་སློབ་རྒྱུས་སློབ་གནས་ཁས་ལེན་གྱི་སློབ་གནས་ཐོབ་པའི་དུས་ཚོད་ལ་གཞིགས་རྒྱུ)མ་ཟད། 2016ལོའི་ཟླ་7ཚེས་31ཉིན་གོང་སློབ་གནས་ལག་ཁྱེར་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའི་སློབ་རྒྱུས་སློབ་གནས་ཁས་ལེན་ཐོབ་དགོས། ས་ཁོངས་ཕྱིའི་སློབ་ཐོན་སློབ་མས་ས་ཁོངས་ཕྱིར་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་ལས་ཞུགས་དོན་འཁྱོལ་གྱི་ཆ་རྐྱེན་བླང་བྱ་སྐོང་དགོས(འབྲེལ་ཡོད་སྲིད་ཇུས་སློབ་གསོ་པུའི་ཕྱི་སྦྱོང་སློབ་མའི་ཞབས་ཞུའི་ལྟེ་གནས་ལ་བློ་འདྲི་བྱ་རྒྱུ)

    (གཉིས) སྒྲིག་བརྩི་ཁྲིམས་སྲུང་དང་། ཁ་དན་ཚིག་གནས། སྤྱོད་ལམ་ཡག་པོ། ཚུལ་མིན་གྱི་ཟིན་ཐོ་མེད་པ།

    (གསུམ) ཕྱོགས་བསྡུས་བྱང་ཚད་ཡག་པོ་ཡོད་པ་དང་ལུས་སེམས་བདེ་ཐང་ཡིན་པ་མ་ཟད། སློབ་སྦྱོང་བྱེད་ནུས་དང་། འབྲེལ་གཏུག་བྱེད་ནུས། ལས་བཀུར་སྙིང་སྟོབས། ཚོགས་པའི་གཞོགས་འདེགས་སྙིང་སྟོབས་བཅས་ཆེ་ཙམ་ལྡན་དགོས།

    (བཞི) གདན་ཞུའི་ལས་གནས་ཐོབ་ཐང་གི་ཆ་རྐྱེན་དང་ལས་གནས་སྒྲུབ་ནུས་དང་འཚམ་དགོས།

    གསུམ། གདན་ཞུའི་གོ་རིམ།

    གདན་ཞུ་བྱ་ཡུལ་གྱིས་དྲ་ཐོག་ཏུ་མིང་ཐོ་འགོད་པ→ལོ་རྒྱུས་མདོར་བསྡུས་ཀྱི་ཐོབ་ཐང་ཞིབ་བཤེར།→ཡིག་རྒྱུགས།→ ངོ་འཕྲད་ཡིག་རྒྱུགས།→ གཟུགས་པོ་བརྟག་དཔྱད།→གན་འཇོག་བསྡུ་སྤྱོད། → འབྱོར་ཐོ་འགོད་པ།→ལས་གནས་གསོ་སྦྱོང་།→ ངལ་རྩོལ་གན་རྒྱ་འཇོག་པ་བཅས་བྱེད་དགོས།

    རང་རེའི་དངུལ་ཁང་གིས་ཡིག་རྒྱུགས་དང་གན་རྒྱ་འཇོག་པའི་ལྷུ་ཚིགས་སུ་གདན་ཞུའི་དྲ་ཚིགས་བརྒྱུད་དེ་ཡིག་རྒྱུགས་དང་མཐའ་མའི་བསྡུ་སྤྱོད་ནང་ཚུད་པའི་མི་སྣར་གཏན་འཁེལ་བརྡ་ཐོ་གཏོང་རྒྱུ་དང་གལ་སྲིད་གཏན་འཁེལ་ཡི་གེ་འབྱོར་ཚེ་གཏན་འབེབས་དུས་ཚོད་ནང་གཏན་འཁེལ་བྱེད་དགོས།

    བཞི། མིང་ཐོ་འགོད་ཐབས།

    1. དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་ནི་ད་རེས་ཀྱི་གདན་ཞུ་བསྐོ་སྤྱོད་ཀྱི་གདན་ཞུ་བྱེད་ཐབས་འབའ་ཞིག་རེད། གདན་ཞུ་བྱ་ཡུལ་གྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚིགས། (http://job.abchina.com)སུ་ཐོ་འགོད་དང་ལས་གནས་ཀྱི་མིང་ཐོ་འགོད་དགོས་པ་དང་ཞིབ་ཕྲའི་གོ་རིམ་གཤམ་གསལ་ལྟར།

    (1) ཚོགས་མིར་ཐོ་འགོད་དང་དེར་ཞུགས་དགོས། དཔེར་ན་ཐོ་བཀོད་རྗེས་སྤྱོད་མཁན་གྱི་གསང་བའི་ཨང་གྲངས་བརྗེད་ཚེ་ཐོ་འགོད་བསྐྱར་མ་བྱ་མི་རུང་། མ་ལག་གི“གསང་བའི་ཨང་གྲངས་བརྗེད་པའི”བྱེད་ནུས་བཙལ་དགོས། ལག་ཁྱེར་རིགས་ནང་མི་སྒེར་གྱི་གྲངས་གནས་18ཡོད་པའི་ཐོབ་ཐང་ལག་ཁྱེར་འབྲི་དགོས།

    (2) རང་གི་ལོ་རྒྱུས་མདོར་བསྡུས་བྲིས་ནས་སྤྲོད་དགོས། “ལོ་རྒྱུས་མདོར་བསྡུས་དོ་དམ”ཁྲོད་ཀྱི“ལོ་རྒྱུས་མདོར་བསྡུས་རྩོམ་སྒྲིག”མནན་ནས་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས་པ་དང་གལ་སྲིད་ནོར་འཁྲུལ་མེད་ཚེ“ལོ་རྒྱུས་མདོར་བསྡུས་སྐྱེལ་བ”ཞེས་པ་གནོན་དགོས། ས་ཁོངས་ཕྱིར་སློབ་སྦྱོང་བྱེད་མཁན་སློབ་མས་ངེས་པར་དུ་རྒྱལ་ནང་གི་སློབ་གསོའི་རྒྱབ་ལྗོངས་འབྲི་དགོས།

    (3) ཞིབ་ཕྲའི་ལས་གནས་ཀྱི་ཐོ་འགོད། གདན་ཞུའི་དྲ་ཚིགས་ཀྱི་ཤོག་ངོས་གཙོ་བོའི“སློབ་གྲྭའི་གདན་ཞུ”ཞེས་པ་མནན་ནས“བོད་ལྗོངས་ཡན་ལག་དངུལ་ཁང་གི་2016ལོའི་སློབ་གྲྭའི་གདན་ཞུ”རྙེད་རྗེས“ལས་གནས་ཀྱི་མིང”མནན་ནས་ཞིབ་ཕྲའི་ལས་གནས་ཐོ་འགོད་ཀྱི་ཤོག་ངོས་ནང་འཛུལ་ཏེ་རྒྱུགས་སྤྲོད་རིགས་དང་། གདན་ཞུ་བྱ་ཡུལ། རྒྱུགས་སྤྲོད་ས་གནས་བཅས་བདམས་ནས“ང་གདན་ཞུར་ཞུགས་དགོས་ཡོད”ཅེས་པ་མནན་ཚེ་མིང་ཐོ་ལེགས་གྲུབ་བྱུང་ཡོད། གདན་ཞུ་བྱ་ཡུལ་ཚང་མས་ལས་གནས་གཅིག་གི་མིང་ཐོ་ལས་འགོད་མི་ཆོག ལས་གནས་རྒྱས་བཤད་ཞིབ་ཀློག་ནན་ཏན་བྱས་རྗེས་མི་སྒེར་གྱི་འདོད་འདུན་དང་ཆ་རྐྱེན་ལ་གཞིགས་ནས་མིང་ཐོ་འགོད་རྒྱུ་གདམ་དགོས།

    (4) མིང་ཐོ་འགོད་རྒྱུ་ལེགས་གྲུབ་བྱུང་རྗེས། “ངའི་གདན་ཞུ”དང“ངས་རེ་ཞུ་བྱེད་པའི་ལས་གནས”ཞེས་པའི་ནང་གི་འབྲེལ་ཡོད་མིང་ཐོ་འགོད་པའི་ལས་གནས་ཆ་འཕྲིན་ལ་བལྟས་ནས་མིང་ཐོ་འགོད་པའི་བརྒྱུད་རིམ་ལེགས་གྲུབ་བྱུང་བ་གཏན་འཁེལ་བྱེད་དགོས།

    2. མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད། 2015ལོའི་ཟླ་10ཚེས་23ཉིན(གཟའ་པ་སངས)24:00བར་ཡིན།

    ལྔ། དོ་སྣང་བྱེད་དགོས་པའི་དོན་གནད།

    1. གདན་ཞུ་བྱ་ཡུལ་ཚོས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་འགོད་མི་ཆོག

    2. གདན་ཞུ་བྱ་ཡུལ་གྱིས་མི་སྒེར་གྱི་ཆ་འཕྲིན་གྱི་ཆ་ཚང་རང་བཞིན་དང་དངོས་ཡོད་རང་བཞིན་ལ་འགན་འཁུར་དགོས་པ་ལས་རྫུན་བཟོ་བྱ་མི་ཆོག དེ་ལྟར་བྱས་ཚེ་རང་རེའི་དངུལ་ཁང་ལ་རྒྱུགས་སྤྲོད་དང་བསྡུ་སྤྱོད་ཀྱི་ཐོབ་ཐང་མེད་པ་བཟོ་དབང་ཡོད་ལ་མཇུག་འབྲས་གདན་ཞུ་བྱ་ཡུལ་རང་གིས་འཁུར་དགོས།

    3. རང་རེའི་དངུལ་ཁང་གི་སློབ་གྲྭའི་གདན་ཞུའི་འབྲེལ་ཡོད་ལས་དོན་ཡོངས་བསྒྲགས་ཀྱི་ཐབས་ལམ་འབའ་ཞིག་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚིགས(http://job.abchina.com)དེ་ཡིན། གདན་ཞུའི་ཆ་འཕྲིན་ཡོངས་རྫོགས་དྲ་ཚིགས་དེའི་ཐོག་ཡོངས་བསྒྲགས་བྱ་རྒྱུ་མ་ཟད། དྲ་ཚིགས་བརྒྱུད་དེ་བརྡ་ཐོའི་ཡི་གེ་དང་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་སོགས་ཐབས་ལམ་བརྒྱུད་ནས་གདན་ཞུ་བྱ་ཡུལ་ལ་བརྡ་ཐོ་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་གདན་ཞུ་བྱ་ཡུལ་གྱིས་དོ་སྣང་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་ནོར་དོན་གྱི་ཉེན་ཁ་སྔོན་འགོག་བྱེད་དགོས།

    4.རང་རེའི་དངུལ་ཁང་གིས་ཡིག་རྒྱུགས་ལྟེ་གནས་དང་བརྗོད་གཞིའི་ལྟེ་གནས་སོགས་སྒྲིག་གཞི་གང་རུང་བཙུགས་མེད་ལ། མངགས་བཅོལ་ཡང་བྱས་མེད། ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དཔྱད་གཞི་གང་རུང་རྩོམ་སྒྲིག་བྱས་མེད་ལ་སྒྲིག་གཞི་གང་རུང་ལ་སློབ་གྲྭའི་གདན་ཞུའི་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་དཔྱད་གཞི་དང་ཆ་འཕྲིན་མཁོ་འདོན་བྱས་མེད།

    5.ཡིག་རྒྱུགས་ཟླ་11ཚེས་15ལ་གཏན་འཁེལ་རགས་ཙམ་བྱུང་བ་དང་རང་རེའི་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་36ལ་ཡིག་རྒྱུགས་ས་ཚིགས་བཙུགས་ཡོད། ཡིག་རྒྱུགས་སྤྲོད་མཁན་སློབ་མས་ཐག་ཉེ་སར་ཡིག་རྒྱུགས་ནང་ཞུགས་པ་དང་ཡིག་རྒྱུགས་ཀྱི་ས་གནས་ཞིབ་ཕྲ་ཡིག་རྒྱུགས་ལྷུ་ཚིགས་ནང་འཛུལ་ནས་གདན་ཞུ་བྱ་ཡུལ་ལ་འབྱོར་བའི་ས་ཚིགས་ནང་གི་ཆ་འཕྲིན་ལ་གཞིགས་རྒྱུ།

    6. ཡིག་རྒྱུགས་དང་ངོ་འཕྲད་ཡིག་རྒྱུགས་སོགས་རྗེས་མཐུད་བཀོད་སྒྲིག་དང་བླང་བྱ་རྣམས་གདན་ཞུ་བྱ་ཡུལ་སྒེར་ལ་བརྡ་ཐོ་གཏོང་རྒྱུ་དང་། གདན་ཞུ་བྱ་ཡུལ་གྱིས་རང་རེའི་དངུལ་ཁང་གི་མིང་ཐོ་འགོད་པའི་དྲ་ཚིགས་ཀྱི་སྤྱི་བསྒྲགས་དང་མི་སྒེར་གྱི་བརྡ་ཐོའི་ཡི་གེར་དོ་སྣང་བྱས་ནས་གདན་ཞུ་བྱ་ཡུལ་གྱི་ཁ་པར་དང་། ལག་ཐོགས་ཁ་པར་གྱི་ཨང་གྲངས། གློག་རྡུལ་ཡིག་ཟམ་སོགས་འབྲེལ་གཏུག་བྱེད་ཐབས་ལ་འགྱུར་ལྡོག་བྱུང་ཚེ་ངེས་པར་དུ་གདན་ཞུའི་མ་ལག་ནང་འཛུལ་ནས་འགྱུར་ལྡོག་བཏང་སྟེ་ཆ་འཕྲིན་ཤར་བགྲོད་ཐུབ་པ་བྱེད་དགོས།

    7. རང་རེའི་དངུལ་ཁང་གིས་ལས་གནས་ཀྱི་དགོས་མཁོའི་འགྱུར་ལྡོག་དང་མིང་ཐོ་འགོད་པའི་གནས་ཚུལ་སོགས་རྒྱུ་རྐྱེན་ལ་གཞིགས་ནས་མི་སྒེར་གྱི་ལས་གནས་གདན་ཞུའི་ལས་ཀ་ལེགས་སྒྲིག་དང་། མེད་པར་བཟོ་བ། མཚམས་འཇོག་བཅས་བྱེད་དབང་ཡོད་ལ། མཐའ་མཇུག་གི་འགྲེལ་བཤད་རྒྱག་དབང་ཡང་ཡོད།

    8. IEབཤེར་ཆས་སྤྱད་དེ་རང་རེའི་དངུལ་ཁང་གི་ཐོ་འགོད་དྲ་ཚིགས་ལ་བཅར་འདྲི་བྱེད་པ་དང་IE9ཡན་གྱི་པར་གཞིར་གཞིགས་ནས་མཉམ་མཐུན་བྱེད་ཐབས་ཀྱི་ཁ་འབྱེད་དགོས། ལག་ཐོགས་ཁ་པར་དང་ལག་ཁྱེར་གློག་ཀླད་སོགས་སྒྲིག་ཆས་ལ་བརྟེན་ནས་ཡིག་རྒྱུགས་དང་གན་འཇོག་སོགས་བཀོལ་སྤྱོད་བྱ་མི་རུང་།

    9. བློ་འདྲི་བྱེད་ཐབས། ཁ་པར། 0891—6959754

    ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།