དབུ་ཤོག>གསར་འགྱུར།
  • ཁ་ས་གོང་ཁེའི་ཚགས་ཤ་ཏུན་20ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-16

    News620151015P03955CYU.jpg

     ན་ནིང་ཁྲོམ་རར་བཏོན་པ་ནས་བཟུང་ད་བར་ཚགས་ཤ་བྲིན་ཚད་རྒྱ་མ་ཁྲི་10ཙམ་ཟིན་པ། 

    ཁ་ས་གསར་འགོད་པས། ལྷ་སའི་གྲོང་ཁྱེར་མ་འཇོག་ཀུང་སི་ནས་ཤེས་རྟོགས་བྱས་པར། ཁྲོམ་ར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཟོག་གོང་བརྟན་པོ་ཡོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཆེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས།  ན་ནིང་ནས་བཟུང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀན་སུའུ་དཔའ་རིས་དང་སི་ཁྲོན་རྔ་བ་ཀྲོའུ་མཛོད་དགེ་རྫོང་སོགས་ནས་གོང་ཁེའི་ཚགས་ཤ་དང་མར་སོགས་འཐེན་ནས་ཁྲོམ་རར་བཏོན་ཏེ་གྲོང་མི་ཚོའི་རྒྱུན་གཏན་འཚོ་བའི་དགོས་མཁོ་བསྐངས་ཡོད་པ་རེད། ལས་དོན་དེ་སྤེལ་བ་བརྒྱུད།  ལྷ་སའི་གྲོང་མི་མི་ཉུང་བ་ཞིག་ལ་ཕན་པ་ཆེན་པོ་ཐོབ་ཅིང་། 2014ལོའི་ཟླ་10ཚེས་13ཉིན། ཚགས་ཤ་དེ་རིགས་ཁྲོམ་རར་ཐོག་མར་བཏོན་པ་ནས་བཟུང་འདི་ལོའི་ཟླ་9པའི་བར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་རིམ་རྩིས་བྱས་ན། ཚགས་ཤ་ཐེངས་16འཐེན་ནས་ཁྱོན་རྒྱ་མ་ཁྲི་10ཙམ་བཙོངས་པ་མ་ཟད། མར་ཡང་རྒྱ་མ་ཁྲི་16བཙོངས་པ་རེད།  ཐད་ཚོང་ཁང་གི་ལས་དོན་མི་སྣ་ཞིག་གིས“མིག་སྔར་ང་ཚོའི་ཐད་ཚོང་ཁང་གིས་ཉིན་རེར་ཚགས་ཤ་རྒྱ་མ་300ནས་400བར་འཚོང་གི་ཡོད་པས། ཐོག་མ་དང་བསྡུར་ན་ཚོང་ཚད་མི་ཉུང་བ་ཞིག་འཕར་ཡོད།  གྲོང་མི་མང་པོ་ཞིག་གིས་ང་ཚོའི་ཐོན་རྫས་རྒྱུས་མངའ་ལོན་རྗེས། ཐད་ཚོང་ཁང་ནས་ཉོ་འདོད་བྱེད་ཀྱི་འདུག གཞན་ཡང་ང་ཚོའི་ཐད་ཚོང་ཁང་དུ་ད་དུང་གོང་ཁེའི་ལུག་ཤ་ཁག་གཅིག་ཡོད་པས། གྲོང་མི་ཆ་ཤས་ཀྱི་དགོས་མཁོ་སྐོང་ཐུབ”ཅེས་ངོ་སྤྲོད་བྱས། 

    ཚགས་ཤ་དེ་དག་ལ་ནད་ཡམས་ཞིབ་བཤེར་བྱས་ཟིན་པ། 

    གསར་འགོད་པས་ཤེས་རྟོགས་བྱས་པར། ཁ་ས་ཁྲོམ་རར་བཏོན་པའི་གོང་ཁེའི་ཚགས་ཤ་ཏུན་20དེ་དག་སི་ཁྲོན་རྔ་བ་ཀྲོའུ་མཛོད་དགེ་རྫོང་ནས་འཐེན་པ་དང་། ཐད་ཚོང་ཁང་ནི་བར་སྐོར་ཚོང་གྲོང་Aཁུལ་གྱི་ཐོག་བརྩེགས་གསུམ་པའི“ལྷ་ས་གྲོང་ཁྱེར་དམངས་ཕན་ཤ་མར་ཐད་འཚོང་ཁང”དུ་ཡོད།  སྔ་དྲོའི་ཆུ་ཚོད་9པ་ནས་ཕྱི་དྲོའི་ཆུ་ཚོད་5:30བར་གྲོང་མི་ཚོ་ཐད་ཚོང་ཁང་དུ་ཕེབས་ནས་ཤར་མར་གང་དགོས་གདམ་ཆོག  གཞན་ཡང་ད་ཐེངས་ཁྲོམ་རར་བཏོན་པའི་ཚགས་ཤ་རྒྱ་མ་རེར་སྒོར་26ཡིན་པ་དེ་ཁྲོམ་རའི་གོང་ཚད་ལས་དམའ་བ་ཡོད། 

    གསར་འགོད་པས་ད་དུང་ཤེས་རྟོགས་བྱས་པར། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་ཆེད། ད་ཐེངས་ཁྲོམ་རར་བཏོན་པའི་ཚགས་ཤ་དང་མར་ལ་ལྷ་ས་གྲོང་ཁྱེར་སྤུས་ཚད་ནད་ཡམས་ཞིབ་བཤེར་སྡེ་ཚན་གྱིས་ཞིབ་བཤེར་བྱས་ཟིན་པ་མ་ཟད། ཚང་མ་ཚད་ལོན་པའི་ཐོན་རྫས་ཤ་སྟག་ཡིན་པས།  རྒྱ་ཆེའི་གྲོང་མི་ཚོས་ཐུགས་བློ་བདེ་པོའི་ངང་ཉོས་ན་འགྲིག   

    སྤུད་ཀ་དག་ལ་གོང་ཁེ་བས་གྲོང་མི་ཚོའི་ཡིད་དབང་བཀུག

    ཁ་ས་གསར་འགོད་པས་བར་སྐོར་ཚོང་གྲོང་Aཁུལ་གྱི་ཐོག་བརྩེགས་གསུམ་པའི་ཐད་ཚོང་ཁང་དུ་གྲོང་མི་མི་ཉུང་བ་ཞིག་གིས་གོང་ཁེའི་ཚགས་ཤ་ཉོ་བཞིན་ཡོད་པ་མཐོང་བྱུང་།  ཉི་དྲོ་གླིང་སྡེ་ཁུལ་གྱི་པ་སངས་ཀྱིས་གསར་འགོད་པར“དགུན་ཁ་སླེབས་ཉེར་ཡོད་པས་ཚགས་ཤ་དང་མར་ནི་དགུན་ཟས་ཡག་ཤོས་རེད། འོན་ཀྱང་ད་ཕན་ལོ་ཤས་རིང་ཁྲོམ་རར་ཚགས་ཤའི་རིན་གོང་འཕར་ནས་མིག་སྔར་རྒྱ་མ་རེར་སྒོར་40ནས་50བར་བྱེད་ཀྱི་འདུག དེ་གོང་སྲིད་གཞུང་གིས་ང་ཚོར་གོང་ཁེའི་ཚགས་ཤ་མཁོ་འདོན་བྱས་པས། ཟོག་གོང་བརྟན་དུ་ཕྱིན་པ་མ་ཟད།  དམངས་ཀྱི་དཀའ་གནད་སེལ་བསལ་བས། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། དེས་མ་ཚད་ཚགས་ཤ་རྒྱ་མ་རེར་སྒོར་26ལས་བྱེད་ཀྱི་མེད་པས་དངོས་ནས་གོང་ཁེ་པོ་འདུག ད་ཆ་ང་སྡོད་སའི་ཁུལ་ཆུང་ནས་ཐད་ཚོང་ཁང་བར་སྤྱི་སྤྱོད་རླངས་འཁོར་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བརྗོད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།