དབུ་ཤོག>གསར་འགྱུར།
  • ཁྲིམས་ལྟར་བོད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-16

    ཁྲིམས་བཞིན་རྒྱལ་སྐྱོང་དང་ཁྲིམས་བཞིན་བོད་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་གཞི་རྩའི་བྱ་ཐབས་དང་གཞི་རྩའི་འགན་ལེན་ཞིག་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སོགས”ཀྱི་མཛུབ་སྟོན་བླང་བྱ་གལ་ཆེན་གཞིར་བཟུང་བཅའ་ཁྲིམས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་། བཅའ་ཁྲིམས་ཀྱི་ཚད་གཞི་བློ་ལ་བརྟན་པོར་ངེས་པ། བཅའ་ཁྲིམས་ཀྱི་ཐབས་ཤེས་བེད་ཡག་པོ་སྤྱོད་པ་བཅས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་།  རྒྱལ་ཁབ་བདེ་འཇགས། མི་རིགས་མཐུན་སྒྲིལ།   ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས། 

    བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་ཁྲིམས་བཞིན་བོད་སྐྱོང་རྒྱུ་ནི་བོད་དུ་ཁྲིམས་བཞིན་རྒྱལ་སྐྱོང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་འཐབ་ཇུས་དང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གཅིག་སྡུད་ཐོག་མཚོན་པ་དང་དུས་བབ་གསར་པའི་འོག་བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་བྱ་གཞག་ཁག་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་རྩ་འཛིན་ཞིག་རེད། རྩ་དོན་གལ་ཆེན་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་རྒྱུ་ནི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་པས་སྣེ་ཁྲིད་དང་འགན་ལེན་ནུས་པ་ལྡན་པ་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་རེད།

    བོད་ལྗོངས་ཀྱི་གནས་ཚུལ་དམིགས་བསལ་ཡིན་ཏེ། ཕྱོགས་གཅིག་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཀྱིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོག་མཐའ་བར་གསུམ་དུ་འགལ་རྐྱེན་བཟོ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་མངོན་གསལ་དོད་པའི་ཁྱད་ཆོས་གསར་པ་མངོན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལས་བོད་ཀྱི་འཕེལ་རྒྱས་དེ་ནང་སའི་ཞིང་ཆེན་དང་བསྡུར་ན་ཧེ་བག་མངོན་གསལ་དོད་པ། བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ལས་ང་ཚོས་ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ཇུས་གཏིང་ཟབ་སྤེལ་ཏེ་མེས་རྒྱལ་ཁ་ཕྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད། ཁྲིམས་སྐྱོང་ལ་བརྟེན་པ་དང་ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་བཅུ་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་བ། འཐུས་ཚང་གི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་མཐའ་སྐྱོང་བོད་བརྟན་གྱི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་ལམ་བུ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་བོད་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་རེད། བོད་ཀྱི་དོན་དངོས་འགོ་ཚུགས་སར་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་མི་རིགས་ཁག་འཕེལ་རྒྱས་ཡར་ཐོན་གྱི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་དེ་བརྟན་དུ་གཏོང་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི”ནན་བཤད་བྱས་ཡོད་པས་ང་ཚོས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་དང་ཁྲིམས་སྐྱོང་གི་ཁྱབ་ཁོངས་ནང་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དམངས་གཙོའི་དབང་ཆ་འགན་ལེན་གང་ལེགས་བྱེད་པ། མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་ཞིག་ཏུ་བསྐྲུན་དགོས་པ་དང་། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པ་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བ། དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ‍

    འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ནི་ཁྲིམས་ལྟར་བོད་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པའི་ཕྱོགས་གལ་ཆེན་ཞིག་རེད། ཁྲིམས་ལྟར་བོད་སྐྱོང་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གཉིས་གཅིག་རམ་གཅིག་འདེགས་ཡིན་པས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་ཇི་ཙམ་མཐའ་འཁྱོངས་བྱས་ཚེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་དེ་ཙམ་གྱིས་དམ་འཛིན་ཡག་པོ་བྱེད་ཐུབ། ཁྲིམས་ལྟར་བོད་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་དམ་པོར་དམིགས་ནས་འགོ་འཛུགས་ས་དང་ཤུགས་རྒྱག་ས་འཕྱུགས་མེད་ངང་བཙལ་འཚོལ་བྱས་ཏེ་སྐབས་བསྟུན་ཇུས་འགོད་དང་། སྐབས་བསྟུན་གཉེར་སྒྲུབ། དུས་མཉམ་ལས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། ཀྲུང་གོའི་ཕུགས་འདུན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་རྒྱུ་དེ་གཞི་རྩའི་འགན་འཁྲིར་བརྩིས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་དགོས་པ་དང་། ཏང་གིས་གླེང་ཕྱོགས་ལ་དོ་དམ་དང་། ཏང་གིས་གསར་འགྱུར་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དྲ་སྦྲེལ་སོགས་གསར་དར་སྨྱན་སྦྱོར་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།