དབུ་ཤོག
  • དྲ་བའི་རྒྱུན་འབོར་སྤྱད་མ་ཚར་བ་ཟླ་རྗེས་མར་མུ་མཐུད་སྤྱད་ཆོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-15

    ཉེ་ཆར་གནས་ཚུལ་སྤེལ་ནས་གློག་འཕྲིན་གཉེར་སྐྱོང་ཚོང་ཚོགས་ཆེ་གྲས་གསུམ་གྱིས་ཟླ་10པ་ནས་བཟུང་ལག་ཐོགས་ཁ་པར་གྱི་དྲ་བའི་རྒྱུན་འབོར་གྱི་སྲིད་ཇུས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པའི་ནང་ཟླ་བ་དེར་སྤྱད་མ་ཚར་བའི་དྲ་བའི་རྒྱུན་འབོར་ཟླ་རྗེས་མར་སྤྱད་ན་འགྲིག་ཅེས་བཀོད་ཡོད། ད་ཆ་ཟླ་10པའི་ཟླ་དཀྱིལ་དུ་སླེབས་པས་རང་ལྗོངས་སུ་སྲིད་ཇུས་དེ་དོན་འཁྱོལ་ཇི་འདྲ་བྱུང་ཡོད་དམ་ཞེ་ན། ཁ་ས་གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱི་འབྲེལ་ཡོད་འགན་འཁུར་བར་འབྲེལ་བ་བྱས་ནས། ལྗོངས་ནང་ཁུལ་དུ་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱིས་ཟླ་10ཚེས་1ཉིན་ནས་བཟུང“ལག་ཐོགས་ཁ་པར་གྱི་དྲ་བའི་རྒྱུན་འབོར་ཟླ་དེ་རང་ལ་སྟོང་པ་མི་བཟོ་བའི”ལས་སྒོ་སྤེལ་ནས་ཟླ་འདིར་ལག་ཐོགས་ཁ་པར་ཐོག་དྲ་བའི་རྒྱུན་འབོར་ལྷག་མ་ཡོད་ཚེ་ཟླ་རྗེས་མར་སྔོན་ལ་བེད་སྤྱད་ན་འགྲིག་པ་ཤེས་རྟོགས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྒུལ་བདེ་དང་། ཀྲུང་གོ་གློག་འཕྲིན། ཀྲུང་གོ་འབྲེལ་འཕྲིན་བོད་ལྗོངས་ཀུང་སི་བཅས་ཀྱིས་ཟླ་10ཚེས་1ཉིན་ནས་བཟུང་། ལས་སྒོ་སྤེལ་བའི་ནང་ཟླ་དེ་རང་ལ་དྲ་བའི་རྒྱུན་འབོར་སྟོང་པ་མི་བཟོ་བའི་ལས་སྒོ་དུས་མཚུངས་སུ་སྤེལ་ཡོད། ལྗོངས་ནང་ཁུལ་གྱི་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ཞབས་ཞུ་དེའི་ཁྲོད་ཟླ་འདིར་རྩིས་བརྒྱབ་པའི་ལག་ཐོགས་ཁ་པར་ཁྲོད་ཀྱི་དྲ་བའི་རྒྱུན་འབོར་གལ་སྲིད་ལྷག་མ་ཡོད་ཚེ་ཟླ་རྗེས་མར་སྔོན་ལ་སྤྱད་ཆོག འོན་ཀྱང་དྲ་བའི་རྒྱུན་འབོར་འཁོར་རྒྱུག་ཐེངས་གཅིག་ལས་བྱ་མི་ཆོག་པ་དང་ཟླ་གོང་མའི་དྲ་བའི་རྒྱུན་འབོར་དེ་ཟླ་རྗེས་མའི་ཟླ་མཇུག་ཏུ་དུས་ཚོད་ཡོལ་རྒྱུ་རེད།  དཔེར་ན།2015ལོའི་ཟླ་10པའི་ལས་སྒོ་སྤེལ་བའི་ནང་གི་དྲ་བའི་རྒྱུན་འབོར་ལྷག་མ་ཟླ་11པའི་ཟླ་མཇུག་གོང་སྤྱད་ཆོག་པ་དང་རྗེས་མཐུད་ཟླ་བར་ཡང་དེ་ལྟར་རེད།  དེ་དང་ཆབས་ཅིག་ཞབས་ཞུ་དེ་ཟླ་10ཚེས་1ཉིན་ནས་བཟུང་ལག་ཐོགས་ཁ་པར་སྤྱོད་མཁན་ཚང་མར་སྤེལ་རྒྱུ་ཡིན་པས། སྤྱོད་མཁན་གྱིས་ལོགས་སུ་འདུན་ཞུ་བྱེད་དགོས་མེད། མིག་སྔར་གཉེར་སྐྱོང་ཚོང་པས་གཞུང་ཕྱོགས་ཀྱི་སྐད་འཕྲིན་དང་། དཔོད་ཆུང་། གཞུང་ཕྱོགས་དྲ་བ། ལས་གཉེར་ཐིང་བཅས་ཀྱིས་ཁ་པར་སྤྱོད་མཁན་ཚོར་རྣམ་གྲངས་དེའི་ལས་སྒོ་གསར་པ་བརྡ་ཐོ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།  

    གློག་འཕྲིན་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱི་འགན་འཁུར་བས“ལག་ཐོགས་ཁ་པར་གྱི་དྲ་བའི་རྒྱུན་འབོར་ཟླ་དེ་རང་ལ་སྟོང་པ་མི་བཟོ་བའི”ལས་སྒོ་དེ་ཞབས་ཞུའི་རྣམ་པ་གསར་པར་བརྩི་རྒྱུ་དང་།  དཔྱད་གཞིར་འཛིན་བྱེད་ཀྱི་ཚགས་ཚུད་པའི་ཉམས་མྱོང་ཧ་ཅང་ཉུང་བ་དང་ཞབས་འདེགས་ཞུ་བའི་ཐོག་མའི་སྐབས་མིའི་འདོད་བློ་དང་མི་འཚམ་པའི་རིགས་ཡོད་སྲིད་པས། རྒྱ་ཆེའི་ལག་ཐོགས་ཁ་པར་སྤྱོད་མཁན་ཚོས་ཐུན་མོང་ཐོག་རྣམ་གྲངས་ཀྱི་ཞབས་ཞུ་དེ་འཐུས་ཚང་དུ་གཏོང་བ་དང་། གལ་སྲིད་གནད་དོན་འཕྲད་ཚེ་སྤྱོད་མཁན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་པའམ་ཡང་ན་ས་གནས་དེ་གའི་ལས་གཉེར་ཁང་དུ་བསྐྱོད་དེ་བསམ་འཆར་འདོན་ཆོག་ཅེས་བཤད། 

    “ལག་ཐོགས་ཁ་པར་གྱི་དྲ་བའི་རྒྱུན་འབོར་ཟླ་དེ་རང་ལ་སྟོང་པ་མི་བཟོ་བའི”ལས་སྒོ་ཡུན་རིང་ལག་བསྟར་བྱེད་ཐུབ་བམ། གཞི་ཁྱོན་ཆེ་བའི་སྟོང་པ་མི་བཟོ་བ་དེ་སྤྱིར་བཏང་གི་ལས་སྒོའི་སྤེལ་རིམ་ནང་སྤྱོད་དམ། གནད་དོན་དེར་དམིགས་ནས་གསར་འགོད་པས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཞིག་ལ་བློ་འདྲི་བྱས་པར།  འགན་འཁུར་བ་དེས“ལག་ཐོགས་ཁ་པར་གྱི་དྲ་བའི་རྒྱུན་འབོར་ཟླ་དེ་རང་ལ་སྟོང་པ་མི་བཟོ་བའི”ལས་སྒོ་བཙན་ཤུགས་ཀྱི་ཁྲིམས་སྲོལ་ཁོངས་སུ་གཏོགས་ཀྱི་མེད།《མྱུར་བགྲོད་དྲ་ཆེན་གྱི་དྲ་བ་སྐྲུན་མགྱོགས་སུ་བཏང་ནས་དྲ་བའི་མྱུར་ཚད་མགྱོགས་སུ་དང་རིན་གོང་དམའ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་འཆར》དེ་ནི་གློག་འཕྲིན་ཁེ་ལས་ལ་དྲ་བའི་རྒྱུན་འབོར་སྟོང་པ་མི་བཟོ་བ་དང་།  དྲ་བའི་རྒྱུན་འབོར་འཁོར་རྒྱུག  ལས་སྒོའི་སྤེལ་རིམ་སྙོམས་སྒྲིག་སོགས་ཀྱི་ཞབས་ཞུ་སྤེལ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད། དེར་བརྟེན་ལས་སྒོ་དེའི་ཞིབ་ཕྲའི་ལག་བསྟར་བྱེད་ཚུལ་ཁེ་ལས་ཀྱིས་རང་ཉིད་ཀྱི་གཉེར་སྐྱོང་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་ལས་བཙན་ཤུགས་ཀྱི་རེ་བ་བཏོན་མེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།