དབུ་ཤོག>གསར་འགྱུར།
  • སྤྱིའི་བླང་བྱར་སྟངས་འཛིན་བྱས་ཏེ་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ལ་ངོས་འཛིན་དང་ཇུས་འགོད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-15

    ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཞིར་བཟུང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ལ་ངོས་འཛིན་དང་ཇུས་འགོད་བྱས་ཏེ་མཐོ་ཚད་ཐོག་ལངས་པ་དང་། ཕུགས་ལ་བསམ་བློ་གཏོང་བ། དངོས་ཐོག་ལས་སྒྲུབ་བཅས་དང་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་། དེ་བས་བློ་བརྟན་གྱི་ཆོད་སེམས། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གཙོ་བོ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཀྱི་རྟེན་གཞི་གལ་ཆེན། འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བརྒྱུད་ལམ་གལ་ཆེན་ཡིན་པའི་བོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་ཡོད། 

    སྤྱི་ཡོངས་ཀྱི་འདུ་ཤེས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་ལྡན་དགོས་པ་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་ཚང་མར་ལྡན་པ་བྱེད་དགོས”ཞེས་གསལ་སྟོན་གནང་ཡོད། དེས་ང་ཚོར་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་མིག་རྒྱང་ཐོག་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། “བློ་བརྟན་འགྱུར་མེད་བཞི”མཐའ་འཁྱོངས་བཅས་བྱས་ནས་བོད་ཀྱི་ལས་དོན་དེ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ཁྲོད་སྤྱི་འདོམས་བྱེད་པ་དང་རྒྱལ་ཡོངས་ཀྱི་འཆར་གཞིའི་ནང་བཞག་ནས་ཇུས་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་ལ་ལྡན་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་དེ་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་དེ་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ལ་གལ་འགངས་ཆེན་པོ་ལྡན་པའི་དོན་སྙིང་ནས་མངོན་ཐུབ། དེར་བརྟེན་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་པའི་ཐོག་བཞག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས་པ་དང་། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩི་བ་དང་། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། འཆར་གཞི་ཡག་པོ་འགོད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།

    བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་འགག་རྩའི་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད་པས། བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དེ་རྒྱལ་ཡོངས་སུ་ཕྱོགས་ཡོངས་་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་འབྲེལ་བ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་འཆར་གཞི་གསར་པ་བཀོད་པ་དང་འབྲེལ་བོད་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་ཚད་གཞི་གསར་པ་ཁ་གསལ་བཏོན་པ་དང་བོད་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་ལམ་བུ་གསར་པ་ཡང་གསལ་སྟོན་ཡོད། ང་ཚོས་ངེས་པར་དུ་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་དེར་དམ་པོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོའི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་པ། ནུས་ཤུགས་གང་ཡོད་ཀྱིས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། བྱེད་ཐབས་མང་པོར་བརྟེན་ནས་ལས་ཞུགས་རྒྱ་ཆེར་གཏོང་བ། སློབ་གསོའི་ཞན་ཆ་མགྱོགས་མྱུར་གསབ་པ། སྨན་པ་དང་སྨན་དཀོན་པའི་གནད་དོན་མགྱོགས་མྱུར་ཐག་གཅོད་བྱེད་པ། སྤྱི་ཚོགས་འགན་ལེན་གྱི“བདེ་འཇགས་དྲ་བ”བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་གནས་ཚུལ་དང་འཚམ་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་ལམ་བུ་གསར་པ་ཧུར་ཐག་བཏོད་ནས་2020ལོར་སླེབས་སྐབས་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།

    ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ནི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་བསྟུན་ས་ཞིག་ཀྱང་རེད། མིག་སྔར་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླར་འགྱུར་ལྡོག་ཕྱིན་མེད་པ་དེ་ཐོག་ནས་བོད་ཀྱི་ལས་དོན་དེ་ངེས་པར་དུ་མིག་སྔར་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པ་དང་། གཟབ་ནན་བརྟན་པོས་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། ཕྱོགས་ཁག་གི་ལས་དོན་གཅིག་འདོམས་འཆར་འགོད་དང་ཕྱོགས་བསྡུས་ནུས་འདོན་བྱེད་པ། ལས་དོན་མཐའ་དག་རྗེས་ཡོང་སྔོན་དྲན་ཡོང་བ་བྱེད་པ། བྱེད་ཐབས་མཐའ་དག་ལ་རྒྱུན་མཐུད་རང་བཞིན་ཡོད་པ་བྱེད་པ། དར་སྲོལ་གྱི་རྗེས་སུ་མི་འགྲོ་བ། བསྡུར་རེས་མི་བྱེད་པ། འཚབ་འཚུབ་མི་བྱེད་པ། རྙོག་དྲ་མི་བཟོ་བ། གཡོ་འགུལ་མི་ཐེབས་པ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་ཡང་འབད་བསྐྱར་འབད་བཅས་བྱས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཟབ་ལ་ཏན་ཏིག་ཞིབ་ཕྲ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།