དབུ་ཤོག
  • སྙིང་རླུང་ནད་ཀྱི་ཟས་སྤྱོད་སྤང་བླང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    སྙིང་རླུང་གི་ནད་ནི་དུས་རྒྱུན་འཚོ་བའི་ཁྲོད་རྟག་ཏུ་མཐོང་བའི་སྙིང་ནད་ཀྱི་རིགས་ཤིག་ཡིན་ལ། ནད་དེ་ཡུན་རིང་དུ་རོ་ཁ་བའི་རིགས་དང་། ནུས་པ་རྩུབ་བསིལ་ཀྱི་ཟས་རིགས་བསྟེན་དྲགས་པ་དང་། ལྟོ་དང་གཉིད་ཆག་པ། ཕོ་བ་སྟོང་པར་དྲག་ཤུལ་གྱི་ལས་བྱས་པ། བསམ་བློ་དང་བརྩེ་དུང་ལ་ཕོག་ཐུག་ཆེན་པོ་བྱུང་བ། ཁྲག་མང་པོ་ཟགས་པ་སོགས་ཀྱི་རྐྱེན་གྱིས་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་རླུང་གི་བྱེད་ལས་ལོག་ནས་སྙིང་ལ་ཞུགས་ཏེ་རླུང་ཁམས་འཁྲུགས་པའི་དབང་གིས་བྱུང་བ་ཡིན། སྤྱིར་ལོ་བཞི་བཅུ་ཡས་མས་སུ་ཐོན་མང་ལ་ལྷག་པར་དུ་བུད་མེད་རྣམས་ལ་འབྱུང་སླ། ནད་འགྱུར་གྱི་རྟགས་ལ་དབུགས་སྣ་ཐུང་བ་དང་སྙིང་འདར་བ། སྟོད་གཟེར་རྒྱག་པ།ཤེས་རིག་འཁྲུལ་ནས་ཟི་ཐོམ་བྱེད་པ། མགོ་ཡུ་འཁོར་བ། ཁ་ལྕེ་སྐམ་པ།  རྨི་ལམ་ཟང་ཟིང་མང་བ།  འཆལ་གཏམ་མང་བ། ལྷིང་མི་ཆགས་པ་སོགས་མངོན། འབྲེལ་ཡོད་གཞོགས་འདེགས་བརྟག་དཔྱད་བྱས་ཀྱང་དམིགས་བསལ་གྱི་ནད་འགྱུར་མེད་པས་ནད་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་ནད་པ་རང་ལ་མཚོན་ན་གོང་གི་ནད་རྟགས་གསལ་པོར་ཡོད་པས་སེམས་ཁམས་མི་བདེ་བ་དང་དུས་ཚོད་ལྟར་གསོ་བཅོས་མ་བྱས་པར་ཡུན་རིང་འགོར་ན་སྲོག་རླུང་དང་སྨྱོ་བྱེད་དུ་འགྱུར་སྲིད། 

    ནད་གཞི་འདིའི་རིགས་སྔོན་འགོག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས་ཡིད་གཟབ་བྱེད་དགོས་པར་ནད་འདི་ཉིད་སློང་བའི་རྐྱེན་ཟས་སྤྱོད་ཀྱི་སྤང་བླང་ངེས་པར་དགོས་ཏེ། ཟས་སྤྱོད་ནི་ནད་རིགས་སློང་བའི་རྐྱེན་གཙོ་བོ་ཡིན་ལ་ཡང་དག་པར་བསྟེན་ཤེས་ན་ནད་གཞི་སྔོན་འགོག་གི་ཐབས་ལམ་དང་གསོ་བཅོས་ཀྱི་གཉེན་པོའང་ཡིན་ཕྱིར། ཟས་ཀྱི་ངོ་བོ་ལྕི་ཡང་དང་བསིལ་དྲོད། དུག་ལྡན་དང་མི་འཕྲོད་པའི་ཁ་ཟས་འཛེམ་ལ། ཟས་ཚོད་རན་པར་བཟའ་བ། སྤྱོད་ལམ་ལ་དུས་རྒྱུན་གྱི་སྤྱོད་པ་གཉིད་ལོག་པ་སོགས་དང་ནམ་ཟླ་དུས་དྲུག་གི་སྤྱོད་པ།གནས་སྐབས་ཐུག་འཕྲད་ཀྱི་སྤྱོད་པ་ཤུགས་བཀག་བཅུ་གསུམ་སོགས་ཡང་དག་པར་བསྟེན་རྒྱུ་དང་སྤྱོད་ལམ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དགེ་བ་བཅུ་བསྟེན་ཞིང་མི་དགེ་བ་སྤང་བ་བཅས་བྱ་དགོས། འདིར་སྙིང་རླུང་གི་ནད་པར་ཁ་ཟས་སུ་སྣུམ་བཅུད་ཀྱི་རིགས་གཙོ་བོ་འོ་མའི་འབྲས་ཐུག གྲོ་ཐུག རྩམ་ཐུག གོ་སྙོད་ཤ་ཚོད་སོགས་འཇུ་སླ་བའི་རིགས་བསྟེན་རྒྱུ་དང་། སྐོམ་དུས་འོ་མ་དང་ཆུ་ཁོལ་དྲོད་འཇམ་སོགས་བསྟེན་ན་ལེགས། ཁ་ཟས་སྔོ་ཚོད་རིགས་དང་འཐུང་བྱ་གྲང་མོ། ཁ་ཧྥེ། སྦི་རག་རིགས་སྤང་དགོས། སྤྱོད་ལམ་དུ་ཡུལ་ཟང་ཟིང་མིན་པའི་དབེན་གནས་དང་དྲོ་བའི་གནས་སུ་གོས་མཐུག་པོ་གཡོགས་ནས་གཉིད་ལོག་པ་དང་ངལ་གསོ་བྱེད་པ། ཁ་རྩོད་དང་སྨྲ་བརྗོད་མང་བ་བཅས་ལུས་སེམས་འཁྲུག་པའི་སྤྱོད་ལམ་སྤང་རྒྱུ་སོགས་ལ་དོ་སྣང་བྱ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།