དབུ་ཤོག>གསར་འགྱུར།
  • ​ བོད་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱིས“ལས་འགན་ལྔར”དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    2011ལོའི་ཟླ་10པར་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བ་ནས་ད་བར་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ནས་ཁྱོན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་8དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་224བཏང་ནས་ཁག་སོ་སོར་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་སྐྱ་འབེལ་ཤང་གི་གྲོང་ཚོ་5དང་དཔའ་ཤོད་རྫོང་ཡངས་པ་ཤང་གི་གྲོང་ཚོ་3དུ་བསྐྱོད་དེ“ལས་འགན་ཁག་ལྔར”དམ་པོར་དམིགས་ནས་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོ་ཏན་ཏིག་སྤེལ་བས་ས་ཆ་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    2011ལོར་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་ནས་བཟུང་ལྗོངས་ཁྲིམས་འཛིན་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་ཐེངས་160ལྷག་ཙམ་སྤེལ་བ་དང་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ཐེངས་41བྱས་པར་རིམ་རྩིས་བརྒྱབ་ན་སློབ་སྦྱོང་སློབ་གསོའི་ནང་ཞུགས་མཁན་ཞིང་འབྲོག་པ་མི་ཐེངས་2530ལྷག་ཙམ་ཟིན་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞི་2204སྤྲད་པ་དང་ཞིང་འབྲོག་པར་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“རོགས་རམ་གསུམ་དང་ཁྲིད་སྟོན་གཅིག”གི་ལས་དོན་ཧུར་ཐག་བསྒྲུབས་ཏེ་གྲོང་ཚོར་བཅའ་སྡོད་རུ་མི་དང་། གྲོང་ཚོའི་ཨུ་ལྷན་གྱི་ཁོངས་མི། ཏང་ཡོན་བཅས་ཚང་མས“ལས་འགན་ཁག་ལྔ”སེམས་ནང་བརྟན་པོ་ངེས་པ་དང་འབྲེལ་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱས་ཐོག་ལས་ཀར་ཕན་འབྲས་ཐོན་པ་དང་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རིམ་རྩིས་བརྒྱབ་ན་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་120ལྷག་ཙམ་དང་། ཏང་ཀྲི་པུའི་ཚོགས་འདུ་ཐེངས་220 ཏང་ཡོན་གྱི་ཚོགས་འདུ་ཐེངས་85བཅས་འཚོགས་ནས་དངོས་གཞིའི་ཏང་ཡོན་24དང་གྲ་སྒྲིག་ཏང་ཡོན་18འཕེལ་རྒྱས་བཏང་བ་དང་ཏང་ཞུགས་ཧུར་བརྩོན་ཅན་142གཏན་འཁེལ་བྱས་པ་རེད། ལྗོངས་ཁྲིམས་འཛིན་ཐིང་གི་ལས་ཁུངས་དང་། ལྗོངས་བཙོན་ཁང་། སྤོ་བོ་རྫོང་བཙོན་ཁང་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མ་དངུལ་གྲབས་གསོག་བྱས་ཏེ་གྲོང་ཚོ་ཨུ་ལྷན་ཉམས་གསོ་བྱས་པ་དང་ཞིང་པའི་དཔེ་དེབ་ཁང་དང་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ཁང་བསྐྲུན་པར་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་ཞུའི་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་པ་རེད།

    ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་པ།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པ་དང་ལྷག་པར་དུ་ལྗོངས་ཁྲིམས་འཛིན་ཐིང་ལས་ཁུངས་ཀྱི་མེ་གདོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཉམས་མྱོང་དེ་དཔེ་མཚོན་དུ་བྱས་ནས་ལྗོངས་ཡོངས་ཀྱི་ཁག་གཉིས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་དཔོན་གྱི་གསོ་སྦྱོང་འཛིན་གྲྭའི་ཐོག་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད། ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་དཔོན་གྱིས་ཙུའུ་ཀྲང་བྱས་པ་དང་། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དང་ཚུན་ཀྲང་གིས་ཙུའུ་ཀྲང་གཞོན་པ་བྱས་པ། ལས་དོན་རུ་མི་དང་གྲོང་ཚོའི་ལས་བྱེད་པ་དང་དེ་བཞིན་ཏང་ཡོན་སོགས་ལས་གྲོང་སྲུང་རུ་ཁག་གྲུབ་ནས་ཆུ་ཚོད་24རིང་རེས་སྐོར་ལས་རེས་བྱེད་པ་སོགས་ཀྱི་ལམ་ལུགས་བཟོས་པ་རེད། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རིགས་ཁག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་བྱེད་པའི་ལམ་ལུགས་བཟོ་བ། ཁོངས་གཏོགས་ཁུལ་ནང་གི་གཙོ་གནད་མི་སྣ་དང་ཕྱོགས་མིར་ཐོ་འགོད་དང་དེབ་བཟོ་བ་བཅས་བྱས་ཐོག་གཙོ་གནད་དུ་དོ་དམ་ཚོད་འཛིན་བྱས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁྲིམས་འཛིན་སྲིད་འཛིན་འགན་ནུས་འདོན་སྤེལ་བྱེད་པ་དང“12·4”བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་བརྒྱུད《རྩ་ཁྲིམས》དང་། 《ཉེས་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཐོག་རིམ་རྩིས་བརྒྱབ་ན་བཅའ་ཁྲིམས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་750ལྷག་ཙམ་སྤྲད་པ་རེད།

    མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་བ།

    གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་ཧུར་ཐག་བསལ་ནས་ཁྱོན་མང་ཚོགས་ལ་བྱ་བ་དངོས་དང་དཀའ་གནད་ཁག་382བསལ་བ་དང་མང་ཚོགས་དབུལ་པོ་དང་། འགན་ལེན་ལྔའི་དུད་ཚང་། ཏང་ཡོན་རྒན་གྲས་བཅས་ལ་བཅར་འདྲི་དང་འཚམས་འདྲི་ཞུས་ཐོག་གྲོང་མིར་ཁྱོན་སྒོར་ཁྲི་132.87རི་བའི་དངོས་རྫས་དང་འཚམས་འདྲིའི་དངུལ་སྤྲད་པ་རེད། 2013ལོའི་ཟླ་8པར་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱིས“འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་ཏེ་ཐིང་རིམ་པའི་ལས་བྱེད་པ་7དང་རྫོང་རིམ་པའི་ལས་བྱེད་པ་38སྔ་རྗེས་སུ་ཁག་3ལ་བགོས་ནས་གྲོང་ཚོར་བཅའ་སྡོད་བྱ་ཡུལ་8དུ་བསྐྱོད་དེ་ཁྱོན་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་98དང་ཆ་སྒྲིག་བྱས་པར་བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་ཡོད། ཁྲིམས་འཛིན་ཉེན་རྟོག་དཔོན་སྨན་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྨན་བཅོས་ཀྱི་ཆེད་ལས་དགེ་མཚན་འདོན་སྤེལ་བྱས་ནས་སྐྱ་འབེལ་ཤང་ཉེ་འཁོར་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ་དང་སྨན་རིན་མི་དགོས་པའི་སྨན་རྫས་སྤྲད་པར་ས་ཆ་དེ་གའི་མང་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ་པ་རེད། ཆུ་ཤུར་རྫོང་བཙོན་ཁང་གི་ར་རྣ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པས་མ་དངུལ་གྲབས་གསོག་བྱས་ཏེ་ཤང་དེའི་སྨན་དོན་ཁང་ལ་སྒོར་ཁྲི་3.6རི་བའི་གཞི་རྩའི་སྨན་བཅོས་ཡོ་ཆས་ཉོ་སྒྲུབ་བྱས་པས་གྲོང་མིའི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་རེད། ལྷ་ས་གྲོང་ཁྱེར་བཙོན་ཁང་གི་བློ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཉིས་པས་མ་དངུལ་གྲབས་གསོག་བྱས་ཏེ་ཤང་དང་གྲོང་ཚོའི་འགྲོ་ལམ་སྨི་2000ལྷག་ཙམ་ཉམས་གསོ་བྱས་པ་དང་ས་འོག་ཆུ་འགྲོ་7གསར་སྐྲུན་བྱས་ཏེ་གྲོང་མིའི་ཕྱིར་སྐྱོད་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་ཕྱིན་ཡོད་པ་རེད།

    མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་བཙལ་བ།

    ལྗོངས་ཁྲིམས་འཛིན་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་ཁེ་ཕན་དོན་གཉེར་བྱེད་པའི”ལས་འགན་དེར་དམ་པོར་དམིགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་གྲབས་གསོག་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་ཆེད་དོན་རྣམ་གྲངས་80ལྷག་ཙམ་རེ་ཞུ་བྱས་ཏེ་དོན་འཁྱོལ་བྱས་པ་དང་ཆེད་དོན་མ་དངུལ་སྒོར་ཁྲི་1853དོན་འཁྱོལ་བྱས་པ་རེད། ལྗོངས་ཁྲིམས་འཛིན་ཐིང་ལས་ཁུངས་ཀྱི་ཁག་དང་པོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མེ་གདོང་གྲོང་ཚོར་མཛོ་མོ་གསོ་སྤེལ་རྣམ་གྲངས་ལག་བསྟར་བྱ་རྒྱུའི་མ་དངུལ་སྒོར་ཁྲི་26བརྩོན་ལེན་བྱས་པར་དཀར་ཆུའི་ཐོན་ཟོག་རང་ཁ་རང་གསོ་ཐུབ་པ་མ་ཟད་ད་དུང་གྲོང་མིའི་ཡོང་འབབ་ཀྱང་འཕར་ཡོད། ལྗོངས་ཁྲིམས་འཛིན་ཐིང་ལས་ཁུངས་ཀྱི་མེ་གདོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པ་དང་ལྔ་པས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད་མེ་གདོང་གྲོང་ཚོའི་འབྲུབ་འགོག་ཆུ་རགས་ལས་གྲྭ་འདི་ལོའི་ཟླ་6པར་ཨར་ལས་ལེགས་གྲུབ་ཟིན་ནས་ཁྱོན་མ་དངུལ་སྒོར་ཁྲི་45བཏང་བ་རེད། སྟོད་ལུང་བདེ་ཆེན་རྫོང་བཙན་ཤེད་དུག་བཅད་སུའོ་ཡི་རྣ་ཕག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཉིས་པའི་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་27བརྩོན་ལེན་བྱས་ནས་ཡངས་པ་ཤང་སློབ་ཆུང་ལ་རིག་གནས་སྒྲིག་ཆས་སྣ་ཚོགས་ཉོ་སྒྲུབ་བྱས་པ་རེད། ཁྲིམས་འཛིན་ཉེན་རྟོག་དཔོན་སྨན་ཁང་གི་བཅིངས་འགྲོལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཉིས་པས་སྒོར་ཁྲི་60ལྷག་ཙམ་རི་བའི་ཞིང་ནང་འཕྲུལ་ཆས་ཆུང་གྲས་དང་འདྲུད་འཐེན་འཕྲུལ་འཁོར་གྱི་རྔ་བསྡུ་འཕྲུལ་འཁོར་ཆུང་གྲས་ཀྱི་རྣམ་གྲངས་བརྩོན་ལེན་བྱས་པ་དང་། ལས་དོན་རུ་ཁག་ཁག་བཞི་པས་བཅའ་སྡོད་བྱ་ཡུལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་གྲོང་ཚོར་གྲོང་ཚོ་རིམ་པའི་མཉམ་སྡེབ་མཉམ་ལས་ཁང་དང་པོ་དེ་བསྐྲུན་པ་དང་སྣུམ་འཚག་ཁང་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།