དབུ་ཤོག>གསར་འགྱུར།
  • ནག་ཆུས་དམངས་འཚོ་ལེགས་གཏོང་གི་རྨང་གཞིའི་ལས་གྲྭར་དམ་འཛིན་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    འདི་ལོ་ཤར་ཚུན་ནག་ཆུ་ས་ཁུལ་གྱིས་དམངས་འཚོ་འགན་ལེན་ལས་དོན་ལ་མ་དངུལ་སྔོན་དུ་གཏོང་རྒྱུ་དང་། དམངས་འཚོའི་རྣམ་གྲངས་བཀོད་སྒྲིག་སྔོན་དུ་བྱ་རྒྱུ། དམངས་འཚོའི་གནད་དོན་ཐག་གཅོད་སྔོན་དུ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་པ་དང་། ཕྱོགས་བདུན་ཐད་ཀྱི་དམངས་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོར་ནུས་ཤུགས་ཆེན་པོ་བཏོན་ནས་བསྒྲུབས་པ། དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་བཅས་ཀྱི་ཐོག་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་པོ་ཞིག་རྒྱ་ཆེའི་མང་ཚོགས་ལ་ཐོབ་པར་བྱས་ཡོད་པ་རེད།

    “བརྒྱད་འཛོམས་ཞིང་དུད”ལས་གྲྭ་ལག་ལེན་མགྱོགས་པོ་བསྟར་ནས་སྲིད་འཛིན་གྲོང་ཚོ་ཚང་མའི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱས་པ་དང་། འབྲོག་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་རིམ་སྤོར་རྣམ་པའི་ཐོག་ནས་འཛུགས་སྐྲུན་ཡག་པོ་བྱས་པ། ནག་ཆུ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ཀྱི་དུས་ཐེངས་གཉིས་པའི་བཤིག་སྤོའི་དུད་ཚང་བསྐྱར་ལོག་གནས་སྡོད་ལས་དོན་ཡག་པོ་སྤེལ་བ་དང་ཆབས་ཅིག་ནག་ཆུ་གྲོང་རྡལ་གྱི་དུས་ཐེངས་གསུམ་པའི་བཤིག་སྤོ་བཀོད་སྒྲིག་ལས་གྲྭར་སྐུལ་འདེད་མགྱོགས་པོ་བཏང་བ། མ་དངུལ་སྒོར་དུང་ཕྱུར་7.57བཏང་བའི་ཤང་གྲོང་གི་ལས་བྱེད་ལས་བཟོའི་ལས་ཤག་4427འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་ཡག་པོ་བསྟར་བ་དང་། “ལས་གྲྭ་ཆུང་གྲས་བཞི”ཡི་མ་དངུལ་དང་བོད་སྐྱོར་མ་དངུལ་སོགས་བསྡུ་སྒྲིལ་བྱས་པ། ཤང་གྲོང་114ཡི་འཐུང་ཆུ་དང་། དྲོད་རླངས་མཁོ་འདོན། འཁྲུད་ཁང་། བྱེད་སྒོ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ་ལས་ཤང་གྲོང་ལས་ཁུངས་ཀྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ། ལྷ་རི་རྫོང་གྲོང་ཡུལ་ཤང་དུ་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་པ། ནག་ཆུ་གྲོང་རྡལ་དུ“8·11”དྲག་ཆར་གྱི་གེགས་བར་ཚབས་ཆེན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་དང་དཔལ་མགོན་དང་མཚོ་གཉིས་རྫོང་དུ་ས་ཡོམ་བརྒྱབ་ནས་སྡོད་ཁང་ཞིག་ལོག་བྱུང་བའི་བསྐྱར་སྐྲུན་ལས་དོན་ཏན་ཏིག་སྤེལ་ཡོད་པ་རེད།

    “གཞི་རྩའི་ཆ་གཉིས”ཀྱི་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་སྙན་རོང་དང་། ཤན་རྩ། སོག་བཅས་རྫོང་གི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བའི་བརྩོན་ལེན་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་རྩིས་ལེན་བྱུང་བ་དང་། འོས་འགན་སློབ་གསོ་དར་ཤུགས་ཆུང་བའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་མགྱོགས་ནས་མྱུར་དུ་ལེགས་སུ་བཏང་བ།

    ནག་ཆུ་ས་ཁུལ་གྱི་བུ་བཅོལ་ཁང་བཞི་པ་དང་ཤང་གྲོང་སློབ་ཆུང་གི་ཞོར་གཏོགས་བུ་བཅོལ་ཁང་27གསར་དུ་བསྐྲུན་པ། ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ(དུས་ཐེངས་གཉིས་པ)ཡི་རྣམ་གྲངས་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ། དམིགས་བསལ་སློབ་གསོ་མུ་མཐུད་ལེགས་པར་གཉེར་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བུ་བཅོལ་ཁང་དུ་ཁག་སོ་སོར་སློབ་མ་ཞུགས་ཚད་50%དང་98%ཟིན་པ་དང་། སློབ་ཆུང་དང་སློབ་འབྲིང་དུ་ན་འདྲེས་སློབ་མ་ཞུགས་ཚད་99%ཡན་ཟིན་པ། མཐོ་རིམ་སློབ་འབྲིང་དང་ལས་རིགས་སློབ་གྲྭར་སློབ་མ་ཞུགས་ཚད་60%ཡན་ཟིན་པ་བཅས་ཀྱི་བརྩོན་ལེན་བྱས་ཡོད་པ་རེད།

    སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཤང་གྲོང་གི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་སོགས་ནད་གཞི་ཚབས་ཆེའི་རིགས་འདེམས་འཚོལ་སྐྱོབ་རོགས་ལམ་སྲོལ་བཟོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་གྱི་གཟུགས་པོར་རིན་མེད་བརྟག་དཔྱད་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཡོད་པ་རེད།

    ས་ཁུལ་རྟེན་རྫས་བཤམས་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། གློག་བརྙན་ཟློས་གར་ཁང་བཅས་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་དང་། རྫོང་བཅུ་ཡི་རྫོང་རིམ་པའི་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེའི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། རླུང་འཕྲིན་དང་བརྙན་འཕྲིན་མིར་ཕྱོགས་བསྡུས་ཁྱབ་ཚད་ཁག་སོ་སོར་87.91%དང་91.01%ཟིན་ཐུབ་པའི་བརྩོན་ལེན་བྱས་ཡོད་པ་རེད།

    ལས་རིགས་རྩལ་ནུས་གསོ་སྦྱོང་དང་དཔྱད་འདོམས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ལས་ཞུགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་སྤྱིར་ན་ཚང་མ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་ལེན་དང་སྤྱི་ཚོགས་སྐྱོབ་རོགས་མ་ལག་མགྱོགས་མྱུར་བཙུགས་ཏེ་འགན་བཅོལ་སྣ་ཚོགས་ནང་ཞུགས་མཁན་མི་གྲངས་ཁྲི་30ཡན་ལོན་པའི་བརྩོན་ལེན་བྱས་པ། དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་དང་གཅིག་སྡུད་འཚོ་སྐྱོང་ནང་ཞུགས་འདོད་ཡོད་པའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་100%ཟིན་ཡོད་པ་རེད།

    སྲིད་ཇུས་དབུལ་སྐྱོར་དང་། རྣམ་གྲངས་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་སོགས་བྱ་ཐབས་མང་པོ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་པ་དང་། གཞན་རྟེན་དང་རང་རྟེན་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། གནད་འཁེལ་དབུལ་སྐྱོར་ལས་དོན་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། དབུལ་སྐྱོར་གཙོ་གནད་ཤང་གྲོང་དང་། གཙོ་གནད་གྲོང་ཚོ། གཙོ་གནད་མི་ཚོགས་བཅས་ལ་རོགས་སྐྱོར་གང་ཐུབ་བྱས་པ། དབུལ་སྐྱོར་བྱ་ཡུལ་གྱི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། འདི་ལོ་རྣམ་གྲངས་དུད་ཚང་དུ་དོན་འཁྱོལ་བྱུང་ཚད་70%ཡན་ཟིན་པ་དང་དབུལ་ཕོངས་མི་གྲངས་ཁྲི་2.52ཉུང་དུ་འགྲོ་བའི་བརྩོན་ལེན་བྱས་ཡོད་པ་རེད།

    གྲོང་ཚོའི་སྨན་པ་སྟོང་གསོ་སྦྱོང་འདུ་འགོད་མུ་མཐུད་ལག་བསྟར་བྱས་ཏེ་གྲོང་ཚོའི་སྨན་པ་1000ཡན་གསོ་སྦྱོང་བྱས་པ་དང་། སློབ་གྲྭ་ཆེ་མོ་བར་རོགས་སྐྱོར་བྱེད་པའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་ཏེ་ས་ཁུལ་གྱི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ་རེར་ལོ་རེར་འཚོ་སྣོན་སྒོར་2000སྤྲད་པ། ས་ཁུལ་གྱི་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་དགོན་པར་བཅའ་སྡོད་ལས་བྱེད་པའི་གཟུགས་པོར་རིན་མེད་དུ་བརྟག་དཔྱད་ཐེངས་གཅིག་བྱས་པ། “གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”དང“གྲོང་གསེབ་ཀྱི་སྨན་པ་ཡག་ཤོས” དཔྱད་འདེམས་གཟེངས་བསྟོད་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ། རྫོང་བཅུ་གཅིག་སོ་སོས་ཕན་འབྲས་ལེགས་པ་དང་མི་མངོན་པའི་ནུས་ཤུགས་ཆེ་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཅིག་ལ་མུ་མཐུད་རོགས་རམ་བྱས་པ། ནག་ཆུ་གྲོང་རྡལ་ནས་མེ་འཁོར་བབས་ཚུགས་བར་གྱི་སྤྱི་པའི་འགྲིམ་འགྲུལ་ཆེད་སྤྱོད་ལམ་ཐིག་བཏོད་པ། ཤང་གྲོང་མངགས་གཏོང་ཁང་དང་དགོན་པར་བཅའ་སྡོད་མངགས་གཏོང་ཁང་ཚང་མར་སྦག་སྦག་གཅིག་ནས་གཉིས་བར་སྤྲད་པ། ས་ཁུལ་དེ་ཡོངས་ཀྱི་སློབ་གྲྭར་འགྲོ་བཞིན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར《རྩ་ཁྲིམས》དེབ་གཅིག་དང་བཅའ་ཁྲིམས་དེབ་ཆ་ཚང་གཅིག་སྤྲད་པ། “བློ་བདེའི་འདུ་འགོད”ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ཡན་དུ་གནས་པའི་ཤང་གྲོང་གི་ལས་བྱེད་ལས་བཟོའི་འཐུང་ཆུ་དང་དྲོད་རླངས་མཁོ་འདོན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ། ཕུལ་བྱུང་གྲོང་ཚོ(གྲོང་ལྷན)ཡི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་བ་སོགས་དམངས་ཆེད་དམངས་ཕན་གྱི་བྱ་བ་དངོས་བཅུ་བསྒྲུབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།