དབུ་ཤོག>གསར་འགྱུར།
  • ​ ཡིད་རྟོན་གཱ་སྤྱད་དེ་ཁ་བསླུས་རྒྱག་སྟངས་གསར་པ་མང་པོ་ཐོན་པ་ཁྱེད་ལ་འཕྲད་བྱུང་ངམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-13

    དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་ས་གནས་ས་ཐོག་གི་དངུལ་ཁང་གི་ལས་དོན་མི་སྣར་བློ་འདྲི་བྱས་པ་བརྒྱུད་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱུན་སྤྱོད་ཀྱི་ཡིད་རྟོན་གཱ་སྤྱད་དེ་ཁ་བསླུས་རྒྱག་སྟངས་ནང་འཕྲིན་ཐུང་བཏང་ནས་བྱ་དགའ་ཐོབ་པའི་བརྡ་ཐོ་བཏང་བ་དང་གཞུང་ཕྱོགས་ལ་བརྫུས་པ་སོགས་ཐབས་འགའ་ཞིག་ཡོད་ཅིང་། ཡིད་རྟོན་གཱ་སྤྱད་དེ་ཁ་བསླུས་རྒྱག་སྟངས་འདྲ་མིན་སྣ་ཚོགས་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གྲོང་མི་ཚོར་མགོ་སྐོར་མི་ཐེབས་པ་བྱེད་པར་གལ་ཆེ་ཤོས་ནི“གནམ་ནས་བག་ལེབ་ཟག་པར”ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་བྱས།

    ཐབས་རྙིང་པ།    “གཞུང་ཕྱོགས”ལའང་བརྫུས་ཐུབ།

    1.འཕྲིན་ཐུང་བཏང་ནས་བྱ་དགའ་ཐོབ་པའི་བརྡ་ཐོ་གཏོང་བ།  ཁྲིམས་འགལ་བས་འཕྲིན་ཐུང་ངམ་ཡང་ན་ཁ་པར་བརྒྱུད། ཁྱེད་ལ་བྱ་དགའ་ཐོབ་འདུག་ཅེས་རྫུན་བཤད་པ་མ་ཟད། དངུལ་བསྐུར་བར་ཁྱེད་ཀྱི་དངུལ་ཁང་གཱ་ཡི་ཨང་གྲངས་དགོས་པར་ཁ་གཡར་ནས་གཱ་ཨང་བླངས་རྗེས་ཁྱེད་ལ་ཐོབ་ཁྲལ་ངེས་ཅན་ཞིག་ཁོ་པས་གཏན་འཁེལ་བྱས་པའི་རྩིས་ཐོའི་ནང་བླུགས་འཇུག་གི་ཡོད།

    2.སྤྱི་བདེར་བརྫུས་པ། ཁྲིམས་འགལ་བས་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱི་ཉེན་རྟོག་པར་བརྫུས་ནས་ཁྱེད་ཀྱི་ཡིད་རྟོན་གཱ་གཞན་གྱིས་ལྐོག་སྤྱོད་བྱས་པ་དང་ཉེས་གསོག་དོགས་ཅན་འཛིན་བཟུང་བྱས་ཟིན་པར་ཁ་གཡར་ཏེ་ཁྱེད་ཀྱི“ཡིད་རྟོན་གཱ་བསྡམས་བཅད”མི་བྱེད་པའི་ཆེད་དུ་ཁྱེད་ཀྱི་གཱ་ཨང་དང་གསང་ཨང“སྤྱི་བདེ་མི་སྣར”ཤོད་འཇུག་གི་ཡོད།

    3.དངུལ་ཁང་ལ་བརྫུས་པ།  མི་མང་པོས“95×××”ཡི་དངུལ་ཁང་གི་གཞུང་ཕྱོགས་ཞབས་ཞུའི་ཁ་པར་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས་ཁ་བསླུས་རྒྱག་མཁན་གྱིས་གྲོང་མིའི་སེམས་པ་དེ་སྤྱད་ནས་ཁ་བསླུས་རྒྱག་གི་ཡོད། སྤྱིར་བཏང་བྱས་ན་ཁ་བསླུས་རྒྱག་མཁན་གྱིས་ཨང་སྒྱུར་ཡོ་བྱད་སྤྱད་དེ་ཁ་པར་ཨང་གྲངས་དངུལ་ཁང་གི་གཞུང་ཕྱོགས་ཞབས་ཞུའི་ཁ་པར་ཨང་གྲངས་ལ་བསྒྱུར་ནས“བསགས་པའི་སྐར་གྲངས་ཀྱིས་ལག་རྟགས་བརྗེས་པ”དང་། “མ་ལག་སྲུང་སྐྱོང་དང་གསང་ཨང་གི་བཀའ་བརྗེས་པ” “ཡིད་རྟོན་གཱའི་དངུལ་ལེན་བཅད་གྲངས”སོགས་ལ་ཁ་གཡར་ནས་ཁྱེད་ལ་ATMའཕྲུལ་འཁོར་བརྒྱུད་བྱ་དགའ་ལེན་པའམ་ཡང་ན་འབྲེལ་ཡོད་བཀོལ་སྤྱོད་བྱ་རྒྱུའི་བརྡ་ཐོ་གཏོང་གི་ཡོད། ཁྱེད་ཀྱིས་ཤེས་ལ་མ་ཤེས་ངང་ཁྲིམས་འགལ་བའི“བཀའ”ལྟར་བཀོལ་སྤྱོད་བྱས་ཚེ་ཁྱེད་ཀྱི་བཅོལ་དངུལ་ཁོ་པས་དམིགས་འཛུགས་བྱས་པའི་རྩིས་ཐོའི་ནང་བླུགས་ཀྱི་ཡོད་པ་རེད།

    4.གཞུང་ཕྱོགས་དྲ་ཚིགས་ལ་བརྫུས་པ།

    ཁྲིམས་འགལ་བས་དངུལ་ཁང་གི་དྲ་ཚིགས་ངོ་མ“འདྲ་བཟོ”བྱས་རྗེས་གཞུང་ཕྱོགས་ཀྱི་དྲ་ཚིགས་ལ་བརྫུས་ནས་དེའི་ནང་བརྡ་ཐོ་བཏང་སྟེ་དྲ་ཐོག་དངུལ་ཁང་དེས་བྱ་དགའ་སྤྲོད་བཞིན་ཡོད་ཅེས་བརྗོད་ཀྱི་ཡོད། ཁྱེད་ཀྱིས་དེའི་ནང་ཞུགས་རྗེས་མ་ལག་གིས་ཁྱེད་ལ་གཱ་ཨང་དང་གསང་ཨང་བླུགས་འཇུག་གི་ཡོད་པ་དང་སྐབས་དེར་ཁྱེད་ཀྱི་ཡིད་རྟོན་གཱ་ཡི་ཆ་འཕྲིན་བརྐུས་ཟིན་པ་རེད།

    5.POSའཕྲུལ་རྐུས་བྱེད་ཐབས།  ཁྲིམས་འགལ་བས་དྲ་ཐོག་སློབ་སྦྱོང་དང་ལག་རྩལ་འཚོལ་ཞིབ་བྱས་པ་བརྒྱུད། POSའཕྲུལ་འཁོར་སྒྱུར་བཟོ་བྱས་ཏེ་ཟ་ཁང་དང་། སྒོ་རྩིས་ཚོང་ཁང་། ཁྲོམ་ར་བཅས་ལ་བཙོངས་ནས་དངུལ་བཅོལ་མཁན་གྱི་དངུལ་ཁང་གཱ་ཡི་ཆ་འཕྲིན་ལྐོག་ལེན་བྱས་རྗེས་གཱ་རྫུས་མ་བཟོས་ཏེ་བེད་སྤྱོད་གཏོང་གི་ཡོད་པ་རེད།

    6.ལྐོག་ལྟ་བྱེད་ཐབས། མི་ལ་ལས་དངུལ་ཁང་གི་ལས་སྒོ་གཉེར་སྐབས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་ཙམ་མེད་པར་བརྟེན་ཁྲིམས་འགལ་བ་འགས་རང་ཉིད་ཀྱི་གཞན་ལས་ལྷག་པའི་དྲན་ཤེས་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་གྱི་ཡིད་རྟོན་གཱ་ཨང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། མིང་། དངུལ་ཁང་གཱ་ཡི་གསང་ཨང་བཅས་ངེས་ཀྱི་ཡོད། དེ་རྗེས་གནོད་འཚེ་ཕོག་མཁན་གྱི་ཐོབ་ཐང་ལག་ཁྱེར་རྫུས་མ་བཟོས་ཏེ་དངུལ་ཁང་དུ་བསྐྱོད་ནས་དྲ་ཐོག་དངུལ་ཁང་ལ་ཞུགས་ནས་གནོད་འཚེ་ཕོག་མཁན་གྱི་བཅོལ་དངུལ་བདག་བཟུང་བྱེད་ཀྱི་ཡོད་པ་རེད།

    ཁ་བསླུས་རྒྱག་སྟངས་གསར་པ།   “རིན་མི་དགོས་པའི་WIFI”དང་ཡོང་ཁུངས་གསལ་པོ་མེད་པའི“རྩ་གཉིས་ཨང་རྟགས”ལ་དོགས་ཟོན་བྱེད་དགོས།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་སྦྲེལ་རྒྱས་པའི་དུས་རབས་འཆར་བ་དང་སྦྲགས་རིག་ནུས་ལག་ཐོགས་ཁ་པར་དང་སྒུལ་བདེའི་དྲ་རྒྱའི་མཐའ་སྣེ་ཁྱབ་གདལ་གཏོང་ཚད་ཇེ་ཆེར་ཕྱིན་སྟབས་ཡིད་རྟོན་གཱ་སྤྱད་དེ་ཁ་བསླུས་རྒྱག་པའི་གཡོ་ཐབས་མང་པོ་ཞིག་དེ་བས་མི་མངོན་པར་གྱུར་ཡོད། དྲ་ཐོག་གྱོད་གཞི་བཟོ་བའི་ཁ་བསླུས་རྒྱག་སྟངས་གསར་པ་དེ་རིགས་ལ་དམིགས་ནས་མི་དམངས་ཉེན་རྟོག་པས་དྲ་རྒྱར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    “རིན་མི་དགོས་པའི་WIFI”ནི་དོང་རྙི་ཞིག་ཡིན་སྲིད་པ།  ལྷ་ས་གྲོང་ཁྱེར་བཟོ་ཚོང་དངུལ་ཁང་གི་ས་གནས་ས་ཐོག་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འགལ་བ་མི་ཉུང་བ་ཞིག་གིས་ཚོང་ར་སོགས་ཟོག་ཉོའི་ཁུལ་དུ་ཧེག་པའི་མཉེན་ཆས་སྤྱད་དེ་རིན་མི་དགོས་པའི་WIFIའབྲེལ་མཐུད་བྱེད་པ་དང་གཱ་སྤྱོད་མཁན་གྱིས་WIFIདེ་འབྲེལ་མཐུད་བྱས་ཏེ་ཡིད་རྟོན་གཱ་ཡི་དྲ་བའི་ནང་ཞུགས་རྗེས་ཁྲིམས་འགལ་བས་བྱ་རིམ་ཁ་ཤས་བརྒྱུད་དྲ་བར་ཞུགས་མཁན་གྱི་ལག་ཐོགས་་ཁ་པར་གྱི་IPས་གནས་དང་དྲ་བར་ཞུགས་སྐབས་ཀྱི་ཆ་འཕྲིན་སྣ་ཚོགས་ཟིན་ཐོ་བཀོད་ནས་ཡིད་རྟོན་གཱ་ཡི་རྩིས་ཨང་དང་གསང་ཨང་བརྐུ་གི་ཡོད་པ་རེད། དེར་བརྟེན་བྱེད་སྒོ་སྤེལ་ཡུལ་གྱི་དངུལ་ཁང་གི་མི་སྣས་གཱ་སྤྱོད་མཁན་གྱིས་དྲ་ཐོག་དངུལ་ཁང་ནང་ཞུགས་སྐབས་བདེ་འཇགས་ལྡན་པའི་ཁོར་ཡུག་འོག་ཞུགས་དགོས་པ་ལས་ཡོང་ཁུངས་གསལ་པོ་མེད་པའི་རིན་མི་དགོས་པའི་WIFIགང་བྱུང་དུ་འབྲེལ་མཐུད་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་རེད།

    ཡོང་ཁུངས་གསལ་པོ་མེད་པའི“རྩ་གཉིས་ཨང་རྟགས”   ད་ཕན་ལོ་ཤས་རིང་ཁྲིམས་འགལ་བ་ཁ་ཤས་ཀྱིས“རྩ་གཉིས་ཨང་རྟགས་བཟོ་ཆས”རིགས་དང་འདྲ་བའི་མཉེན་ཆས་ཕབ་ལེན་བྱེད་པ་དང་། དེ་རྗེས་བཅབས་དུག་གོ་རིམ་གྱི་དྲ་ཚིགས་དེ་རྩ་གཉིས་ཨང་རྟགས་བཟོ་ཆས་ཐོག་སྦྱར་ཏེ“དུག་ཡོད”ཀྱི་རྩ་གཉིས་ཨང་རྟགས་བཟོས་ནས་རྩ་གཉིས་ཨང་རྟགས་དེ་དག་སྤྱད་དེ་ལག་ཐོགས་ཁ་པར་གྱི་མུའུ་མ་དེ་གནོད་འཚེ་ཕོག་མཁན་གྱི་ལག་ཐོགས་ཁ་པར་ནང་སྤྱད་པ་དང་འབྲེལ་རང་འགུལ་ངང་འབྲེལ་ཡོད་ཆ་འཕྲིན་ལེན་ཐུབ་ཀྱི་ཡོད་པས། དུས་ཐུང་སྐར་ཆ་ཁ་ཤས་ནང་ལག་ཐོགས་ཁ་པར་གྱི་ཨང་གྲངས་དང་། གཱ་ཡི་ཨང་གྲངས། གསང་ཨང་སོགས་མི་སྒེར་གྱི་ཆ་འཕྲིན་གཞན་གྱི་ལག་ཏུ་ཐེབས་ཀྱི་ཡོད།

    དེར་བརྟེན་རྒྱ་ཆེའི་འཛད་སྤྱོད་པས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྩ་གཉིས་ཨང་རྟགས་བཤར་ཕབ་མ་བྱས་གོང་དེའི་ཡོང་ཁུངས་ཤེས་རྟོགས་བྱས་ཏེ་ཡང་དག་པའི་ཐབས་ལམ་ཡོད་པའི་རྩ་གཉིས་ཨང་རྟགས་འདེམས་པ་ལས་ཡོང་ཁུངས་གསལ་པོ་མེད་པའི་རྩ་གཉིས་ཨང་རྟགས་བཤར་ཕབ་བྱེད་མི་རུང་།

    ཡིད་རྟོན་གཱ་ཉོ་ཚོང་བྱེད་པ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཐེང་ཧྥེས་ད་ཕན་ལོ་ཤས་རིང་དངུལ་ཁང་གི་ཡིད་རྟོན་གཱ་ཡི་ལས་སྒོར་གཞོན་ནུ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་། གཞོན་ནུ་མང་པོ་ཞིག་གིས་ཡིད་རྟོན་གཱ་རེ་ཉར་ནས་བེད་སྤྱོད་མ་བཏང་སྟབས་བེད་མེད་གཱ་ཇེ་མང་དུ་འགྲོ་གི་ཡོད་ཅེས་ངོ་སྤྲོད་བྱས།

    ཀྲུང་གོ་ཡིད་རྟོན་དངུལ་ཁང་གི་ལས་དོན་མི་སྣས་གསར་འགོད་པར་ཡིད་རྟོན་གཱ་དང་དངུལ་ཁང་གཱ་ཚང་མའི་ཐོག་འཛད་སྤྱོད་པའི་ཐོབ་ཐང་དང་བཅོལ་དངུལ་སོགས་ཐོ་འགོད་བྱས་ཡོད་པས་ཡུན་རིང་བེད་སྤྱད་མེད་ལ་དངུལ་ཁང་དུའང་ཐོ་ཁོངས་སུབ་མེད་པའི་གཱ་བཙོངས་རྗེས་ཁྲིམས་འགལ་བས་དྲ་རྒྱའི་ལག་རྩལ་སྤྱད་དེ་གཱ་དེ་དག་སླར་ཡང་བེད་སྤྱད་ནས་འཛད་སྤྱོད་པའི་ཆ་འཕྲིན་རག་ཐབས་བྱེད་ཀྱི་ཡོད་པས། ཆ་འཕྲིན་དེ་དག་ལས་གཱ་ཚོང་མཁན་ལ་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།