ལོ་ལྔའི་འཆར་འགོད་བརྗེ་སྒྱུར་བྱེད་བཞིན་དུ་རང་རྒྱལ་འདི་ཉིད“དབུལ་ཞིང་ཕོངས་པ”ནས་འཛམ་གླིང་དཔལ་འབྱོར་གྱི་དངོས་ཚན་ཆེ་གྲས་ཨང་གཉིས་པར་འཕོ་འགྱུར་ཆེན་པོ་བྱུང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ཆ་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་འདོན་གྲབས་ཡོད། ལྟ་བ་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་གཅིག་ཏུ་བསྡུས་པའི་ཀྲུང་གོའི་དཔལ་འབྱོར་གྱིས་སྒུལ་ཤུགས་གསར་པའི་ཐོག་ནས་འཕེལ་རྒྱས་གྲུབ་འབྲས་དེ་བས་ཆེ་བ་གཏོད་ངེས་རེད།
“ལོ་ལྔ་ཚན་བཅུ་གསུམ་པ”ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པའི་འགག་རྩའི་ལོ་ལྔ་ཡིན་ལ། དཔལ་འབྱོར་རྒྱུན་རྣམ་གསར་པའི་འོག་གི་ཐོག་མའི་ལོ་ལྔའང་ཡིན། དེ་ནི་ཀྲུང་གོའི་མ་འོངས་འཕེལ་རྒྱས་གཏོང་ཕྱོགས་དང་འགྲོ་ལམ་གདམ་ག་བྱེད་པ་དང་འབྲེལ་ཡོད་སྟབས་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ལོ་ལྔའི་ནང་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་དང་། ཆ་རྐྱེན། ལས་འགན། བླང་བྱ་སོགས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད། དེར་བརྟེན་ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་ཁག་གསར་གཏོད་རིམ་སྤོར་བྱས་ནས་རྐང་འཛིན་གྱི་འགྲན་རྩོད་བྱེད་ནུས་གཏོད་དེ་མ་འོངས་འཕེལ་རྒྱས་ལ་ལམ་ཡག་པོ་སྟོན་པ་དང་སྣེ་ཡག་པོ་འཁྲིད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གནང་ནས་ཀྲུང་གོ་འདི་ཉིད་དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད། དུས་བབ་དང་འགྲན་སློང་གསར་པའི་མདུན་དུ་རང་རྒྱལ་གྱི་དཔལ་འབྱོར་ཧྲིལ་པོ་བརྟན་པོ་དང་འཕེལ་ཕྱོགས་ཡུན་རིང་བཟང་བའི་གཞི་རྩའི་ངོ་བོ་དེ་འགྱུར་ལྡོག་ཕྱིན་མེད་པར་བྱེད་ཤེས་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་འཕྲད་ཡོད་པ་ང་ཚོས་གསལ་པོ་རྟོགས་པ་བྱེད་དགོས། མིག་སྔར་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་བྱེད་ཕྱོགས་བཟང་བ་དང་དྲ་སྦྲེལ་རྒྱས་པ་དང་། རྒྱུ་ཆ་གསར་པ། སྐྱེ་དངོས་གསོ་རིག་སྨན་རྫས། ནུས་གྲོན་ཁོར་ཡུག་སྲུང་སྐྱོང་སོགས་གསར་དར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་འཕར་སྣེ་དང་འཕར་ཁུལ་གསར་པ་ཁག་གཅིག་ཆགས་ཡོད། དེའི་ཐོག་ནས་ང་ཚོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐོག་ནས་གྲུབ་ཆའི་རང་བཞིན་གྱི་ལེགས་སྒྲིག་ལ་སྣེ་ཁྲིད་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ལ་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཞིག་སྐྱེད་སྲིང་བྱེད་ཐུབ་ངེས་ཡིན་པ་མཐོང་ཐུབ།
སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པར་སྒུལ་ཤུགས་རྙིང་པའི་འཆིང་ཞགས་དང་རྒྱབ་རྟེན་ལས་རིམ་བཞིན་ཐར་ཐབས་བྱེད་དགོས། དེའི་ནང་དོགས་ཟོན་བྱེད་དགོས་པ་ནི་དེང་གི་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེན་པོའི་མདུན་དུ་ས་གནས་ཁག་གཅིག་གིས་སྔར་བཞིན་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་རྙིང་པར་བརྟེན་པ་དང་། མ་འཇོག་སྐུལ་ཁྲིད་དང་བསྐྱར་སྐྲུན་ཧུར་ཐག་བྱེད་པ། གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་གྱི་གོམས་སྟབས་ལྷོད་དུ་གཏོང་བ། གསར་གཏོད་ལས་གཏོད་ལ་སྣང་ཆུང་བཅས་བྱེད་ཀྱི་ཡོད། དེའི་རྒྱུ་རྐྱེན་ནི་ས་གནས་ཁག་གཅིག་གིས་དཔལ་འབྱོར་གྱི་འཕེལ་ཕྱོགས་ཆེན་པོ་ཡང་དག་ངང་ཁོང་དུ་མི་ཆུད་པ་དང་མིག་རྒྱང་དེ་དུས་ཐུང་ནང་གི་དཔལ་འབྱོར་འཕར་ཆག་ལ་བཞག་པས་རེད།
མིག་སྔར་ཀྲུང་དབྱང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱེད་པ་དང་། ཞབས་ཞུ་ལེགས་སུ་གཏོང་བ། མི་ཀུན་གྱིས་བྱ་གཞག་གཏོད་པ་དང་གསར་གཏོད་བྱེད་པ་སོགས་བྱས་ནས་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་ཁག་གཅིག་རིམ་བཞིན་སྐྱེད་སྲིང་བྱེད་བཞིན་ཡོད། ས་གནས་ཁག་གི་སྲིད་གཞུང་གིས་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཧུར་ཐག་བྱས་ནས་དཔལ་འབྱོར་དེ་རིམ་པ་མཐོ་འབྲིང་གི་ཆུ་ཚད་དུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། དེ་ལྟར་བྱས་ཚེ་གཞི་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དཔེ་རིས་གསར་པ་ཡག་པོ་བཀོད་དེ་ཀྲུང་དབྱང་གི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱེད་ཐུབ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ)