དབུ་ཤོག>གསར་འགྱུར།
  • 2016ལོའི་གྲོང་མི་སྒེར་གྱི་སྨན་བཅོས་འགན་བཅོལ་བསྡུ་འགོ་ཚུགས་པ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-13

    News620151011P03504CYU.jpg

    ཟླ་10ཚེས་8ཉིན་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་དོ་དམ་ལྟེ་གནས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་2016ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་རྒྱུའི་ཐོ་འགོད་ལས་དོན་སྤེལ་བའི་སྐོར་གྱི་བརྡ་ཐོ》བཏང་ནས། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡོད་པ་མ་ཟད། རྫོང་རིམ་པའི་མི་དམངས་སྲིད་གཞུང་གནས་ཡུལ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྡོད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བླུགས་མེད་པའི་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་དགོས་པའི་བླང་བྱ་བཏོན་པ་དང་། འགན་བཅོལ་ནང་ཞུགས་མ་ཞུགས་རང་མོས་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ཡང་ན་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལ་ཞུགས་ཆོག་གི་མེད། 

    མི་རེའི་ཆ་སྙོམས་ཀྱི་གྲབས་གསོག་དངུལ་འབོར་མང་དུ་བཏང་བ། ལོ་མི་འདྲ་བའི་འགྲོ་གྲོན་འཇལ་ཚད་འདྲ་གི་མེད།  

    ཟླ་10ཚེས་1ཉིན་ནས་བཟུང་། 2016ལོའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པ་དང་གྲོན་བསྡུ་ལས་དོན་སྤེལ་འགོ་ཚུགས་པ་རེད། ཚེས་11ཉིན་གྱི་སྔ་དྲོ་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་ཐོག་སོ་གཉིས་པའི་འགན་ཞུགས་ཚོམས་ཆེན་ནས་འགན་བཅོལ་འགྲོ་གྲོན་འཇལ་མཁན་མང་པོ་དེ་ཙམ་མེད་པ་མཐོང་བྱུང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“2016ལོའི་འགན་བཅོལ་ལ་ཞུགས་པ་དང་འགྲོ་གྲོན་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་ཟིན། འགྲོ་གྲོན་བསྡུ་མཚམས་ཆད་ནས་སྨན་ཁང་དུ་སྡོད་སྐབས་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་ཐོབ་ཐང་ལོངས་སྤྱོད་མི་ཐུབ་པའི་གནད་དོན་མ་ཐོན་པ་བྱ་ཕྱིར། ཚང་མས་གཏན་འབེབས་བྱས་པའི་དུས་ཚོད་ནང་གང་མགྱོགས་འགྲོ་གྲོན་འཇལ་དགོས”ཞེས་བཤད་བྱུང། 

    འགན་འཁུར་བ་དེས་ད་དུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ལོ་འཁོར་གཞིར་བཟུང་བསྡུ་དགོས།  འགྲོ་གྲོན་བསྡུ་བའི་དུས་ཚོད་ནི་ལོ་འཁོར་གོང་མའི་ཟླ་10ཚེས་1ནས་ཟླ་12ཚེས་31ཉིན་བར་ཡིན་པ་དང་འགན་བཅོལ་ལ་ཞུགས་མཁན་གྲོང་མི་ཚོས་འགྲོ་གྲོན་བསྡུ་བའི་ཕྱི་ལོའི་ཟླ་བ་དང་པོ་ནས་བཟུང་གཏན་འབེབས་བྱས་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་ཆོག་གི་ཡོད།  གལ་སྲིད་འགྲོ་གྲོན་བསྡུ་མཚམས་ཆད་ཚེ་འགན་བཅོལ་ནས་ཕྱིར་འདོན་པར་བརྩི་གི་ཡོད། སླར་ཡང་འགྲོ་གྲོན་བསྡུས་ཚེ་འགྲོ་གྲོན་བསྡུ་བའི་ཉིན་ནས་བཟུང་ལོ་གཅིག་སོང་རྗེས།  གཞི་ནས་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་ཅེས་བཤད་བྱུང་། 

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་བཅད་གྲངས་ལྟར་འགྲོ་གྲོན་བསྡུས་ནས་མ་དངུལ་གྲབས་གསོག་བྱེད་པ་དང་མི་རེའི་ཆ་སྙོམས་ཀྱི་གྲབས་གསོག་དངུལ་ནི་ཐོག་མའི་མི་རེར་སྒོར་200ནས་མིག་སྔའི་བར་གྱི་མི་རེར་སྒོར་440བར་མང་དུ་བཏང་བ་དང་འགན་བཅོལ་ལ་ཞུགས་མཁན་ཡང་ཐོག་མའི་མི་36033ནས་མི་64977བར་མང་དུ་ཕྱིན་ཡོད་པ་རེད། 

    གཞན་ཡང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། དར་མ་ཡིན་ཚེ་མི་རེར་འགྲོ་གྲོན་སྒོར་60བསྡུ་དགོས་པ་དང་། སློབ་ཞུགས་གོང་གི་བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་བཅས་ཀྱིས་མི་རེར་འགྲོ་གྲོན་སྒོར་30བསྡུ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་མཁན་དང་། ངལ་ནུས་རྦད་དེ་ཤོར་བའི་དབང་པོ་སྐྱོན་ཅན་ཚབས་ཆེན། ཡོང་འབབ་མེད་པའི་མི་ཧྲེང་རྒན་རྒོན།  དེ་བཞིན་བུད་མེད་ལོ་60དང་སྐྱེས་པ་ལོ་65ལ་སླེབས་ཚེ་མི་སྒེར་གྱི་འགྲོ་གྲོན་བསྡུ་དགོས་ཀྱི་མེད། 

    གྲངས་འབོར་ཆེ་བའི་ཚོང་ལས་ཁ་གསབ་ཀྱི་འགན་བཅོལ་འཛུགས་པ།སྲིད་ཇུས་ཁྱབ་ཁོངས་ཀྱི་རྩིས་ཞུའི་བསྡུར་ཚད་མཐོ་རུ་བཏང་བ། 

    《གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་གྲངས་འབོར་ཆེ་བའི་ཚོང་ལས་ཁ་གསབ་འགན་བཅོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཅིག་གྱུར་ངང་འགན་བཅོལ་ལ་ཞུགས་མཁན་གྲོང་མིར་གྲངས་འབོར་ཆེ་བའི་ཚོང་ལས་ཁ་གསབ་ཀྱི་འགན་བཅོལ་ལ་འགན་བཅོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་འདོམས་ཐེབས་རྩའི་བཅད་གྲངས་མང་ཤོས་ཡན་གྱི་སྨན་རིན་ཐག་གཅོད་བྱས་པའི་ཁ་གསབ་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ནི་90%དང་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མང་ཤོས་ནི་སྒོར་ཁྲི་14ཡིན་ཞིང་། འགན་བཅོལ་དེ་འགན་བཅོལ་ལ་ཞུགས་མཁན་ཚང་མས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་ལས།  འགྲོ་གྲོན་གཞན་བསྡུ་དགོས་ཀྱི་མེད།  གཏན་འབེབས་གཞིར་བཟུང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་རིན་གྲངས་འབོར་ཆེ་བའི་ཚོང་ལས་ཁ་གསབ་འགན་བཅོལ་གྱི་སྐྱིན་ཚབ་ཁྱབ་ཁོངས་ནི་འགན་བཅོལ་ལ་ཞུགས་མཁན་གྱི་འགན་བཅོལ་གྱི་ལོ་འཁོར་གཅིག་ནང་ཐོན་པའི་སྨན་རིན་ཁོ་ན་རེད། འགན་བཅོལ་ལ་ཞུགས་མཁན་ལོ་འཁོར་བརྒལ་ནས་སྨན་ཁང་དུ་བསྡད་ཚེ། ལོ་འཁོར་རྗེས་མའི་སྨན་རིན་ཚང་མ་འགན་བཅོལ་གྱི་ལོ་འཁོར་རྗེས་མའི་ཁ་གསབ་སྨན་བཅོས་འགན་བཅོལ་གསབ་སྤྲོད་ཁྱབ་ཁོངས་སུ་འཇུག་གི་ཡོད། གཞན་ཡང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁྲོད་ཀྱི་40%ཁྱིམ་ཚང་གི་རྩིས་ཐོའི་ནང་འཇོག་པ་དང་། ལྷག་མ་རྣམས་སྤྱི་གྲབས་ཐེབས་རྩའི་ནང་འཇོག་གི་ཡོད་པ་དེ་གཙོ་བོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་སྨན་རིན་དུ་གཏོང་བ་དང་། ཁྱིམ་ཚང་རྩིས་ཐོའི་མ་དངུལ་གཙོ་བོ་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ལ་གཏོང་གི་ཡོད། དེ་གཉིས་ལོགས་སུ་རྩིས་རྒྱག་གི་ཡོད། འགན་བཅོལ་ལ་ཞུགས་མཁན་གྲོང་མིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་སྨན་རིན་ཐོག་མར་བསྡུ་དགོས་པའི་སྨན་རིན་ལས་ཉུང་བ་ཡོད་ཚེ། ཁྱིམ་ཚང་གི་རྩིས་ཐོའམ་ཡང་ན་མི་སྒེར་གྱིས་སྤྲོད་དགོས་པ་དང་། ཐོག་མར་བསྡུ་དགོས་པའི་སྨན་རིན་ལས་མང་བ་ཡོད་པ་དང་། སྨན་རིན་གཏོང་སྤྲོད་ཀྱི་བཅད་གྲངས་མཐོ་ཤོས་ལས་དམའ་བ་ཡོད་པའི་འགྲོ་གྲོན་ནི་སྤྱི་འདོམས་ཐེབས་རྩ་བརྒྱུད། བསྡུར་ཚད་གཞིར་བཟུང་གཏོང་སྤྲོད་བྱ་རྒྱུ་ཡིན་པ་སྟེ། ཐོག་མར་བསྡུ་དགོས་པའི་སྨན་རིན་ཡན་ནས་སྒོར་10000བར་གཏོང་སྤྲོད་བསྡུར་ཚད་80%དང་། སྒོར་10000ནས་30000བར་ཡིན་ཚེ་གཏོང་སྤྲོད་བསྡུར་ཚད་85%སྒོར་30000ནས་60000བར་ཡིན་ཚེ་གཏོང་སྤྲོད་བསྡུར་ཚད་90%རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།