ཉེ་དུས་ཉིང་ཁྲི་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནམ་གཤིས་ས་ཚིགས་ཐོག་མ་སྟེ། གསེར་སྐྱེམས་ལའི་འགྲིམ་འགྲུལ་གནམ་གཤིས་ཞབས་ཞུའི་ས་ཚིགས་བདེ་བླག་ངང་སྐྲུན་ཟིན་ནས་འཁོར་རྒྱུག་བྱས་ཏེ། འགྲིམ་འགྲུལ་གྱི་གནམ་གཤིས་ཞབས་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྲུན་ཟིན་པའི་གསེར་སྐྱེམས་ལའི་འགྲིམ་འགྲུལ་གནམ་གཤིས་ཞབས་ཞུའི་ས་ཚིགས་དེ་རྒྱལ་ལམ་318རྒྱུད་དུ་གནས་ཡོད་པ་དང་། ས་ཚིགས་དེའི་གཡས་གཡོན་གྱི་སྤྱི་ལེ་གཅིག་ཙམ་གྱི་ལམ་ངོས་སུ་ལོ་ལྟར་ཟླ་བ་གསུམ་ནས་བཞི་བར་འཁྱགས་པ་ཐེབས་ཀྱི་ཡོད་པས། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་བཟོ་གི་ཡོད་པ་དང་། ད་བར་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་མང་ཤོས་ཀྱི་ལམ་དུམ་བུ་ཞིག་རེད། ས་ཚིགས་དེར་རྒྱུན་གཏན་གྱི་དྲོད་ཚད་དང་བརླན་ཚད། ཆར་ཆུ་བབ་ཚད། རླུང་ཕྱོགས་དང་རླུང་གི་མྱུར་ཚད་བཅས་ཀྱི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད་པ་ཕུད། མིག་གི་མཐོང་ཚད་དང་ལམ་ངོས་ཀྱི་དྲོད་ཚད་ཀྱི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་དང་ཆེས་གསལ་བའི་བརྙན་ལམ་གཟུགས་བརྙན་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད་པས། གཞུང་ལམ་གྱི་གནམ་གཤིས་ཁོར་ཡུག་ལ་དུས་བསྟུན་ལྟ་ཞིབ་ཚད་ལེན་དང་རི་རུད་ས་གཤིས་ཀྱི་གནོད་འཚེ་སོགས་ཀྱི་ཉེན་བརྡ་གཏོང་རྒྱུ་དང་། གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་དང་སྤྱི་པའི་གནམ་གཤིས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེན་པོ་མཁོ་འདོན་ཐུབ་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་ཁྲི་ཚོ་82.6བཏང་ནས། གསེར་སྐྱེམས་ལའི་ཏཱ་དབྱིན་ལ་དང་ཁྲབ་རྨོག་གཞུང་ལམ་དགའ་ལུང་ལའི་ཕུག་ལམ ཞིང་ཆེན་ལམ་ s201སྟག་མ་ལའི་ལ་རྩེ་བཅས་ཀྱི་འགྲིམ་འགྲུལ་གནམ་གཤིས་ལྟ་དཔྱད་ཚད་ལེན་ས་ཚིགས་གསུམ་སྐྲུན་རྒྱུ་ཡིན་པའི་ནང་ནས། གསེར་སྐྱེམས་ལའི་འགྲིམ་འགྲུལ་གནམ་གཤིས་ཞབས་ཞུའི་ས་ཚིགས་སྐྲུན་ཟིན་པ་དང་། དེ་མིན་སྟག་མ་ལ་དང་དགའ་ལུང་ལའི་འགྲིམ་འགྲུལ་གནམ་གཤིས་ཞབས་ཞུའི་ས་ཚིགས་ད་ལོའི་ལོ་མཇུག་ཏུ་སྐྲུན་ཐུབ་བཟོ་ཡོད་པ་རེད།