དབུ་ཤོག>གསར་འགྱུར།
  • ཁྱིམ་ཚང་ཡོད་ལ་གཅེས་སྐྱོང་བྱེད་མཁན་དེ་བས་ཡོད།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-09

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་སྐྱོད་སྐབས། མིག་ལམ་དུ་མཛེས་པའི་ཁོར་ཡུག་དང་གཙང་སྦྲ་དོད་ལ་སྒྲིག་བཀོད་ཆ་ལག་ཚང་བའི་ཁང་པ་མང་དག་ཅིག་འཆར་བྱུང་། སྒོ་རའི་ནང་གསར་དུ་བསྐྲུན་པའི་སློབ་མའི་སྡོད་ཁང་དང་། ཟ་ཁང་། སྨན་ཁང་། ལུས་སྦྱོང་ཁང་། ལུས་རྩལ་ཐང་སོགས་ཡོད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་འགན་འཁུར་བས་ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་ཆུས་གཅིག་གི་དྭ་ཕྲུག་བྱིས་པ་གསོ་ཉར་བྱས་ཡོད། མིག་སྔར་ཁྱོན་ཕྲུ་གུ་262གསོ་ཉར་བྱས་པའི་ནང་གི་ཆུང་ཤོས་ཟླ་བ་5ལས་སླེབས་མེད། ཕྲུ་གུ་དེ་དག་ཁྱིམ་ཚང་10ལ་བགོས་ནས་གསོ་ཉར་བྱེད་དུ་བཅུག་པ་དང་ཁྱིམ་ཚང་ཚང་མར“ཨ་མ་གཉིས”(བུ་རྫི)ཡོད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས“དྭ་ཕྲུག་གཅིག་སྡུད་གསོ་ཉར་ཐུབ་པ་དེས་ན་སོ་དར་ལ་མ་བབས་པའི་ཁྲིམས་མཐུན་ཁེ་དབང་ཚད་གཞི་ཆེན་པོས་སྲུང་སྐྱོང་ཐུབ་ཡོད། ད་ཆ་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་དུས་ཁག་དང་པོར་ཉལ་ཁྲི་150དང་དུས་ཁག་གཉིས་པར་ཉལ་ཁྲི་560ཡོད་པས། བསྡོམས་རྩིས་ལྟར་ན་ད་ལྟའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། གསར་དུ་བསྐྲུན་པའི་རྣམ་གྲངས་ལས་ཕྲུ་གུའི་སྡོད་གནས་ཀྱི་ཆ་རྐྱེན་ཅུང་ལེགས་སུ་ཕྱིན་ཡོད”ཅེས་བཤད།

    2013ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། ཡིག་ཆའི་ནང“2015ལོར་དྭ་ཕྲུག་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ས་ཁུལ(གྲོང་ཁྱེར)ཡན་གྱི་བྱིས་པའི་ཕན་བདེ་ཁང་གིས་གཅིག་སྡུད་གསོ་ཉར་བྱེད་ཚད་100%ལོན་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་བསྟན་ཡོད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དུ་གནས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཁོངས་གཏོགས་ཡིན་ཞིང་། དྭ་ཕྲུག་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ས་ཁུལ(གྲོང་ཁྱེར)ཡན་གྱི་བྱིས་པའི་ཕན་བདེ་ཁང་དུ་གཅིག་སྡུད་གསོ་ཉར་བྱེད་ཚད་100%ལོན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ཐབས་མང་མཉམ་དུ་སྤྱད་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་6720བཏང་བའི་རྨང་གཞིའི་ཐོག ལྷ་ས་གྲོང་ཁྱེར་གྱི་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་དངོས་ཡོད་དགོས་མཁོ་ལྟར་མ་དངུལ་སྒོར་ཁྲི་124.4གྲབས་གསོག་བྱས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་6844.4ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་རྒྱས་སྐྲུན་རྣམ་གྲངས་ལ་བཏང་བ་རེད། རྒྱས་སྐྲུན་རྣམ་གྲངས་ནི་ལྗོངས་ཡོངས་ཀྱི“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་གྲས་ཤིག་ཡིན་པ་དང་། རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཐོབ་ཡོད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་རྒྱས་སྐྲུན་རྣམ་གྲངས་ལ་ས་ཁྱོན་མུའུ་83ཟིན་ཡོད། ལས་གྲྭ་ཧྲིལ་པོའི་འཆར་འགོད་ལ་ས་ཁོངས་5ལ་དབྱེ་ཡོད་པ་དང་། རྣམ་གྲངས་ཁག་གི་སྒྲིག་བཀོད་འཐུས་ཚང་ཞིག་ཡོད་པ་སྟེ། གཅིག་ནི་སྔར་ཡོད་ཀྱི་འཛུགས་སྐྲུན་ཁུལ་དེ་སྲིད་འཛིན་སློབ་གསོའི་སྨན་བཅོས་དྲག་སྐྱེད་ཁུལ་དུ་བསྐྲུན་པའི་ནང་སྲིད་འཛིན་གཞུང་ལས་སྤྱོད་ཁང་དང་། སྨན་བཅོས་དྲག་སྐྱེད་སྤྱོད་ཁང་། སློབ་གསོ་དང་ལག་རྩལ་གསོ་སྦྱོང་སྤྱོད་ཁང་བཅས་ཚུད་པ་དང་། གཉིས་ནི་འཚོ་བའི་ཞབས་ཞུ་ཁུལ་ཡིན་པར་སྣོད་བཅུད་རླངས་འཁོར་འཇོག་ས་དང་། ཟ་ཁང་། གྱོན་ཆས་སྐམ་ས། གློག་སྦྱོར་ཁང་། ཆུ་འཐེན་འཁོར་ཁང་། གོས་འཁྲུད་ཁང་། གསང་སྤྱོད་སོགས་ཡོད་པ། གསུམ་ནི་རིག་གནས་ལུས་རྩལ་སློབ་གསོའི་བྱེད་སྒོ་ཁང་ཡོད་པར་ནུས་མང་ཁང་དང་། ལུས་རྩལ་ཐང་། ལན་ཆིའུ་སྤོ་ལོ་ཐང་། བྱ་སྒྲོ་སྤོ་ལོ་ཐང་། བྱིས་གསོ་ཁང་། བྱིས་པའི་བྱེད་སྒོ་ཁང་སོགས་ཡོད་པ། བཞི་ནི་སོས་དལ་བྱེད་སྒོ་ཁུལ་དུ་ལུས་སྦྱོང་ཐང་སོགས་ཡོད་པ། ལྔ་ནི་ཉལ་ཁང་ཁུལ་དུ་ལོ་14མན་གྱི་བྱིས་པའི་སྡོད་ཁང་སྟར་པ་2(ཁང་པ་ཆ་ཚང་24)དང་། ལོ་14ཡན་གྱི་བྱིས་པའི་སྡོད་ཁང་སྟར་པ་1(ཁང་པ་ཆ་ཚང་20)དོ་དམ་ཞབས་ཞུ་མི་སྣའི་སྡོད་ཁང་སྟར་པ་1(ཁང་པ་ཆ་ཚང་24)ཡོད་པ་བཅས་རེད། བྱིས་པའི་སྡོད་ཁང་ལ་ཁྱིམ་ཚང་རྣམ་པའི་ཇུས་འགོད་བྱས་པ་དང་ལོ་14མན་གྱི་བྱིས་པའི་སྡོད་ཁང་རེར་བྱིས་པའི་ཉལ་ཁང་ཁང་མིག་2དང་། ལྟ་སྐྱོང་བའི་ཉལ་ཁང་ཁང་མིག་1 ཚུགས་ཁང་། སློབ་སྦྱོང་ཁང་། ཐབ་ཚང་། འཁྲུད་ཁང་། གསང་སྤྱོད་སོགས་ཡོད་པ་དང་འབྲེལ་བདག་སྐྱོང་པ་རེ་བཀོད་སྒྲིག་བྱས་ཡོད་པ་རེད། ལོ་14ཡན་གྱི་བྱིས་པའི་སྡོད་ཁང་ལ་ཕོ་མོའི་ཁང་མིག་རྐྱང་པ་2སུ་དབྱེ་ཡོད་པར་ཁང་མིག་རེར་ཉལ་ཁང་དང་། ཚོགས་ཁང་། སློབ་སྦྱོང་ཁང་། འཁྲུད་ཁང་། གསང་སྤྱོད་སོགས་བཟོས་ཡོད།

    ལོ་གཉིས་ཀྱི་གོང་ལོ་17ལ་སླེབས་པའི་བསོད་སྐྱིད་བདེ་སྐྱིད་དྭ་ཕྲུག་ཁང་ནས་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་བསྒྱུར་པ་རེད། བསོད་སྐྱིད་ཀྱིས“ཁྱིམ་ཚང་ཆེན་པོ་འདིར་སླེབས་དུས་མཛའ་བརྩེ་ཚོར་བྱུང་ལ་དྲོ་སྐྱིད་ཀྱང་ཚོར་བྱུང་། དེ་ནི་གཅེས་སེམས་ཀྱིས་ཕྱུག་པའི་གནས་ཤིག་རེད་འདུག བདག་ལ་དངོས་འབྲེལ་ཁྱིམ་དུ་ལོག་པའི་ཚོར་སྣང་ཞིག་སྦྱིན་བྱུང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།