རྒྱུན་རྣམ་གསར་པའི་འོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།
རི་ཀླུང་ཀུན་ཏུ་དཔྱིད་རླུང་དལ་བུར་ལྡང་། གཙང་གསུམ་ས་གཞི་ཆེ་མོ་ནས་ཡར་ཀླུང་ལུང་གཞུང་བར་དང་། བྱང་རྩྭ་ཐང་ནས་སེང་གེ་ཁ་འབབ་ཀྱི་ངོགས་བར“འབྱོར་འབྲིང”ཞེས་པའི་ཐ་སྙད་དེས་གངས་ལྗོངས་ས་མཐོར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཞིག་བསྣན་པ་དང་། མཛེས་སྡུག་ལྡན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཇུས་གཞི་ཞིག་བཀོད་ཡོད།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐོག་ནས་རྨང་གཞིར་བལྟ་བ།
—— གནད་སྨིན་དབུལ་སྐྱོར་བྱས་ཏེ་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏོད་པས་བོད་ཀྱི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཞིང་འབྲོག་པ་དེ་བས་མང་བ་ཞིག་ལ་དེང་རབས་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བ།
“དམངས་ཕྱུག་བོད་དར་ཞེས་པ་ནི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་བོད་དར་གྱི་རྨང་གཞིའི་འགོ་འཛུགས་ས་དང་དོན་ལ་བབས་སར་འཛིན་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་དེ་རེད”ཅེས་པ་དང“གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བ་དང་དབུལ་པོ་ཐོན་པའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་འབོར་དབུལ་པོའི་འཚོ་བའི་གནས་ཚུལ་གང་མགྱོགས་འཐུས་ཚང་དུ་གཏོང་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་གསུང་བཤད་དེའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ཐད་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད།
བོད་འདི་ཉིད་ཞིང་འབྲོག་ལས་གཙོ་བོར་བྱས་པའི་ནུབ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཡིན་པ་དང་། ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བཅུ་ཆ་བརྒྱད་ཡན་ཟིན་ཡོད། དེ་དང་ཆབས་ཅིག་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་དབུལ་ཕོངས་ས་ཁུལ་གཅིག་པུ་དེ་ཡང་རེད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལོའི་ཡོང་འབབ་སྒོར་2300ཡི་དབུལ་པོའི་ཚད་གཞིར་གཞིགས་ནས། 2010ལོའི་ལོ་མཇུག་ཏུ་བོད་དུ་དབུལ་ཕོངས་མི་འབོར་ཁྲི་83.3ཡོད་པ་དེས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་མི་འབོར་བསྡོམས་འབོར་གྱི་བཅུ་ཆ་གསུམ་ལྷག་ཙམ་ཟིན་ཡོད།
ཞིང་འབྲོག་ཁུལ་དང་ཞིང་འབྲོག་པའི་འབྱོར་འབྲིང་མེད་པ་དང་། ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་འབྱོར་འབྲིང་མེད་ན།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པ་ཞེས་པ་དེ་གླེང་ཐབས་བྲལ། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་མཐོ་རུ་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་གང་མགྱོགས་བསྐྲུན་པ། ཐོན་ལས་གཉེར་སྐྱོང་གི་ཡོང་འབབ་མཐོ་རུ་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་མགྱོགས་མྱུར་འཕར་རྒྱུའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་སྤྱི་ཁྱབ་ཧྲུའུ་ཅིའི“དབུལ་སྐྱོར་གསར་སྤེལ་བྱེད་པར་གནད་སྨིན་རྩ་ཆེར་འཛིན་པ་དང་གནད་སྨིན་ལ་མཐོང་ཆེན་གྱིས་རྒྱལ་ཁ་ཐོབ་མིན་ནི་གནད་སྨིན་ལ་ཐུག་ཡོད”ཅེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། ཡིག་ཚགས་གཱ་བཟོས་པ་བརྒྱུད་དབུལ་སྐྱོར་བྱ་ཡུལ་གནད་ལ་འཁེལ་པོས་དབྱེ་འབྱེད་བྱས་པ་དང་། “མཉམ་ལས་ཁང་དང་། འཇོན་ཐང་ཅན། དབུལ་པོའི་དུད་ཚང་བཅས་ཟུང་དུ་སྦྲེལ་བ”དང“ཏང་ཀྲི་པུའུ་དང་། འཇོན་ཐང་ཅན། དབུལ་པོའི་དུད་ཚང་བཅས་ཟུང་དུ་སྦྲེལ་བ”སོགས་གནད་སྨིན་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་བཙུགས་ཡོད། 2014ལོར་བོད་ཀྱི་དབུལ་པོའི་མི་འབོར་དབྱེ་འབྱེད་བྱེད་པའི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་པ་མ་ཟད། གནད་སྨིན་དབུལ་སྐྱོར་གྱི་སྟེགས་བུ་ཡང་བཙུགས་ཡོད།
2000ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལྷག་ཆུང་སོགས་མང་ཚོགས་དུད་ཚང་43སེ་ར་དགོན་པའི་ལས་ཀ་ཙག་ཙིག་བྱེད་མཁན་རྒན་ཡོལ་ཞུས་པར་བརྩིས་ནས་ཐེམ་ཐོ་ཁྲེང་ཀོན་ཆུས་རིན་ཆེན་ཚལ་གྲོང་ཚོར་བཟོས་ཀྱང་ཁོང་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཡོངས་ཁུངས་འགན་ལེན་མེད། 2012ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཏང་ཀྲི་པུའུ་དང་། འཇོན་ཐང་ཅན། དབུལ་ཕོངས་དུད་ཚང་བཅས་ཟུང་དུ་སྦྲེལ་བའི”དབུལ་སྐྱོར་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་བ་དང་། རིན་ཆེན་ཚལ་གྲོང་ཚོ་ཏང་ཀྲི་པུས་དབུལ་སྐྱོར་རླངས་འཁོར་བཀྲུ་ས་དང་། དབུལ་སྐྱོར་བོགས་གཏོང་ཁང་པ། དབུལ་སྐྱོར་སྒོ་རྩིས་ཚོང་ཁང་སོགས་དབུལ་སྐྱོར་དཔལ་འབྱོར་དངོས་གཞི་བཙུགས་ནས་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་གཉེར་སྐྱོང་དོ་དམ་བྱེད་པར་གདན་དྲངས་ཡོད། “ལོ་གཅིག་ལ་གླ་ཆ་སྒོར་ཁྲི་1ལྷག་ཙམ་སྤྲོད་པ་ཕུད་ད་དུང་ཁེ་སྤོགས་སྒོར་5000ཙམ་བགོ་བཤའ་རྒྱག་གི་འདུག”ཅེས་ལྷག་ཆུང་གིས་བཤད། དབུལ་སྐྱོར་དཔལ་འབྱོར་དངོས་ཚན་གྱི་རོགས་རམ་འོག་ལྷག་ཆུང་སོགས་དབུལ་ཕོངས་དུད་ཚང་43གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འདི་ལོ་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་དབུལ་ཕོངས་མི་འབོར་ཁྲི་8ཙམ་ཉུང་དུ་གཏོང་རྒྱུའི་བརྩོན་ལེན་བྱས་ནས། ཡོང་འབབ་དམའ་བའི་ཞིང་འབྲོག་ཁུལ་གྱི་མི་འབོར་གྱིས་སྤྱིའི་མི་འབོར་བསྡུར་ཚད་ལས་12%ཡན་ཆག་པ་བྱེད་དགོས་ཞེས་བསྟན་ཡོད།
དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི“འཇོན་ཐང་ཅན”བརྒྱུད“སྔོན་ལ་ཕྱུག་པོ་ཆགས་པའི་མི་སྣས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ་བྱེད་པ”ནི་རང་སྐྱོང་ལྗོངས་ཀྱིས་འཚོལ་ཞིབ་བྱས་པའི་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད།
“ལོ་ཤས་གོང་། ང་ཚོར་ཆུ་འཁོར་6དང་ལས་མི་20ལས་མེད་པའི་འཁོར་ཁང་ཆུང་ཆུང་ཞིག་རང་རེད། ད་ཆ། འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྱོན་མ་རྩ་སྒོར་ཁྲི་ཉིས་སྟོང་ལས་བརྒལ་བའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་སྣང་རྩེའི་རྩམ་པ་ཚད་ཡོད་ཀུང་སི་འཛུགས་མཁན་ཟླ་བ་ཚེ་རིང་གིས་བཤད།
རྒུ་རུམ་སྣང་རྩེའི་རྩམ་པ་ཚད་ཡོད་ཀུང་སི་ནི་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོར་སྲིད་ཇུས་ལས་ཕན་པ་ཐོབ་མཁན་ཞིག་རེད། 2014ལོའི་བར། སྲོལ་རྒྱུན་དང་རྗེས་ལུས་ཐེབས་པའི་འཁོར་ཁང་ཆུང་ཆུང་དེའི་བཟོ་ཁུལ་གྱི་རྒྱ་ཁྱོན་མུའུ་18དང་། གཏན་འཇགས་རྒྱུ་ནོར་རིན་ཐང་སྒོར་ཁྲི་2786ཟིན་པ་དང་། ལོར་རྩམ་པ་ཏུན་6500འཐག་ཐུབ་ནས་ས་གནས་དེ་གའི་ཞིང་འབྲོག་དུད་ཚང་300ལ་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་ཀྱི་ཡོད།
ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་མང་པོ་བྱུང་བའི་ལག་ལེན་ཁྲོད་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“དཀའ་ངལ་ཡོད་པའི་མང་ཚོགས་ལ་བསམ་བློ་ཞིབ་ཕྲ་བཏང་བ”མཐོང་ཐུབ་པ་སྟེ——
2014ལོར་ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་སྲིད་ཇུས་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། ལོ་ཧྲིལ་པོའི་ནོར་སྲིད་ཞིང་སྐྱོར་གཏོང་ཆ་སྒོར་དུང་ཕྱུར་168ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.5%འཕར་བ་དང་། དེའི་སྟེང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་སོགས་ཀྱི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་ཅུང་བརྟན་ལ་མགྱོགས་པའི་སྒོ་ནས་འཕར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ལས་དོན་ཏན་ཏིག་བསྒྲུབས་པ་ལས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་སྟེ——
2014ལོར། ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་98.5ཟིན་པ་དང་2.4%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཚན་རྩལ་གྱིས་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་44%ཟིན་པ་དང་། ལོ་ཧྲིལ་པོར་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་7166འཕེལ་རྒྱས་བཏང་བས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་82%ལ་ཁྱབ་པ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་7060དོན་འཁྱོལ་བྱས་ནས་ས་ཁུལ་དང་གྲོང་ཁྱེར་7དུ་སྔོ་ཚལ་འདེབས་འཛུགས་དང་། བོད་བྱ་དང་། བོད་ཕག འབྲི་གཡག ཁུལ་ལྡན་ར་བཅས་ཀྱི་གསོ་སྤེལ་རྟེན་གཞི་བཙུགས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་2937ཟིན་ནས་55%འཕར་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་38.6%ཟིན་པ། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཚད་མི་ཐེངས་ཁྲི་98.5དང་། མི་གྲངས་ཁྲི་60ཟིན་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་20ལས་བརྒལ་བ་སོགས་རེད།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐོག་ནས་ཁྱད་ལྡན་ལ་ལྟ་བ།
—— ཁྱད་ལྡན་ལེགས་ལྡན་ཐོན་ལས་འདི་ཉིད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་འདྲེན་གསར་པར་གྱུར་ནས“བོད་ཀྱི་བཟོ་སྐྲུན”སྔར་བས་མང་བ་འཛམ་གླིང་ཕྱོགས་སུ་བསྐྱོད་ཐུབ་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་སྔར་བས་མང་བ་བོད་དུ་ཡུལ་སྐོར་དུ་ཡོང་གི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ས་ཁུལ་ཞིག་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ལམ་བུ་གནད་ལ་འཁེལ་བ་འཚོལ་ཞིབ་བྱེད་རྒྱུ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུར་ཐུག་ཡོད”ཅེས་མཛུབ་སྟོན་གནང་ཡོད། འཕེལ་རྒྱས་འགོར་བའི་ས་ཁུལ་གྱིས་འཕེལ་རྒྱས་དམ་འཛིན་བྱེད་དགོས་ལ་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་བཙུགས་པའི་ཁར་ཁྱད་ལྡན་གྱི་ལེའུ་ཡག་པོ་བརྩམས་ནས་ཧེ་བག་འགྲན་རྩོད་དང་ཐབས་སྒྱུར་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།
འོན་ཀྱང་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ལེགས་ཆ་ནི“ཁྱད་ལྡན”ཞེས་པའི་ཡིག་འབྲུ་གཉིས་ལ་ཐུག་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“འཛམ་གླིང་གི་ཡུལ་སྐོར་དམིགས་ས”གཏོད་རྒྱུར་དམིགས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་གསར་པ་གསར་སྤེལ་བྱེད་པ། “རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་བློ་རྩེ་གཅིག་སྒྲིམ་གྱིས་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཐོག་ནས་ཡར་ཀླུང་གཙང་པོའི་རོང་ཆེན་དང་། གནས་ཡུལ་རོང་། ཀླུ་ནང་ནགས་ཚལ། “གྲོང་སྡེ་ལྔ”གནམ་མཚོ་སོགས་མཚོན་བྱེད་དུ་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་འོས་སྦྱོར་བྱས་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གི་དམངས་ཁྲོད་དུས་ཆེན་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་དང་སྤུས་རྟགས་གོང་མཐོར་དང་བསྟུན་ནས་ཡུལ་སྐོར་ཐོན་རྫས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་ཉིན་རེ་བཞིན་ཆེ་རུ་སོང་ཡོད། “བོད་ལྗོངས”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ནི་མ་གཞི་ནས་མཐོ་གསར་དང་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་ཀྱི་མཚོན་བྱེད་ཅིག་རེད།
2014ལོའི་ཟླ་དགུ་པར“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོ་དེ་གནས་མཆོག་ལྷ་སར་འཚོགས་ཤིང་། བོད་ཀྱི་འགྲེམས་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པ་ལས་བོད་ཀྱི་གཟུགས་བརྙན་གསར་པ་དང་རྣམ་པ་གསར་པ་མངོན་པའི་སྐར་ཁུང་ཞིག་ཕྱེ་བ་དང་ཆབས་ཅིག་འོས་སྦྱོར་སྤེལ་རེས་བྱེད་རྒྱུ་དང་བོད་ཀྱི་ཡུལ་སྐོར་རིག་གནས་ཀྱི་རིམ་སྤོར་པར་གཞི་གཏོད་རྒྱུར་མཐོ་སྣེའི་སྟེགས་བུ་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད། བོད་ཀྱི་འགྲེམས་ཚོགས་སྐབས་དང་པོའི་ཐོག་མ་འཇོག་སྡོམ་འབོར་སྒོར་དུང་ཕྱུར་387ཟིན་པའི་དཔལ་འབྱོར་མཉམ་ལས་རྣམ་གྲངས་33བཞག་པ་དེ་དག་ཁྲོད་ས་མཐོའི་འཐུང་ཆུ་དང་། ཁྱད་ལྡན་གཏེར་ལས། ཁྱད་ལྡན་སྐྱེ་དངོས་ཚན་རྩལ། ཁྱད་ལྡན་ཡུལ་སྐོར། ཞིང་ལས་ཐོན་ལས་སོགས་ཚུད་ཡོད་པ་རེད།
ད་ཆའི་བོད་ལྗོངས་སུ་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་རྐྱང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སྐབས་ཤིག་འཆར་བཞིན་ཡོད། 2014ལོར་རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་ཚད་མི་ཐེངས་ཁྲི་1553.14དང་། ལོ་ཧྲིལ་པོའི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་204ཟིན་ནས་ལོ་གོང་མ་ལས་ཁག་སོ་སོར་20.3%དང་23.5%འཕར་ཡོད་པ་རེད།
ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་ལས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་མ་ཐེབས་པ། 2014ལོར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། ས་ཁུལ(གྲོང་ཁྱེར)རིམ་པ་བཅས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་101ལ་རོགས་སྐྱོར་དང་གསོ་སྐྱོང་བྱས་པའི་ཁྲོད་རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས་8དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་ཁྲིད་ཁེ་ལས་16 ས་ཁུལ(གྲོང་ཁྱེར)རིམ་པའི་སྣེ་ཁྲིད་ཁེ་ལས་77བཅས་ཡོད་པ་རེད། རང་སྐྱོང་ལྗོངས་རིམ་པ་དང་དེ་བཞིན་དེའི་ཡན་གྱི་སྣེ་ཁྲིད་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་21.2དང་། ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་38.6%ཟིན་ནས་ཞིང་འབྲོག་དུད་ཚང་ཁྲི་6.1དང་མི་ཁྲི་20ལྷག་ཙམ་ལ་སྐུལ་འདེད་ཐེབས་པའི་ཁར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྲི་1.2ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད། ལྗོངས་ཡོངས་སུ་ཁྱོན་ཆེད་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས་2729བཙུགས་ནས་སྣེ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཉིས་དང་རྟེན་གཞི་འཛུགས་སྐྲུན་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་སྐུལ་འདེད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད་པ་རེད།
ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དེ་ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོར་གྱུར་པ། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2014ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་13.15བྱུང་ནས་མང་ཚོགས་ཁྲི་175.6ལ་ཕན་པ་ཐོབ་པ་སྟེ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3305དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་748བྱུང་ནས་ལོའི་ཆ་སྙོམས་འཕར་ཚད་24.5%ཟིན་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐོག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ལྟ་བ།
—— “སྲིད་ཇུས་ཀྱི་མཐོ་ས”ལས“རིན་ཐང་གི་དམའ་ས”བྱུང་ནས་བོད་ལྗོངས་འདི་ཉིད་རེ་བ་དང་། གསོན་ཤུགས། ཚོང་ལས་ཀྱི་གོ་སྐབས་བཅས་ཀྱིས་ཁེངས་ཤིང་རིན་ཐང་ཆེན་པོ་ལྡན་པའི་མ་འཇོག་བྱེད་ས་ཞིག་ཏུ་འགྱུར་བཞིན་ཡོད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་པ་རེད།
བོད་ཀྱི་དཔལ་འབྱོར་ལོ་ཤས་བསྟུད་མར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ཤུགས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་སྟོབས་ཤུགས་རྒྱས་བཞིན་ཡོད་པ་རེད།
1997ལོར་བཙུགས་པའི་བོད་ལྗོངས་ཇོ་མོ་གླང་མ(ཚོགས་པ)ཚད་ཡོད་ཀུང་སི་དེ་དུས་ཐུང་ལོ་བཅུ་ལྷག་ཙམ་རིང་ཡུལ་སྐོར་འཕེལ་རྒྱས་དང་། རིག་གནས་སྨྱན་སྦྱོར། བཟོ་བཀོད་འཛུགས་སྐྲུན། གཏེར་ཁ་སྔོག་འདོན། དངུལ་རྩའི་ཡིད་རྟོན་མངགས་བཅོལ། ཚོང་ལས་ས་གཞིས། བཟའ་བཏུང་རོལ་རྩེད་སོགས་གཞི་གཅིག་ཏུ་བསྒྲིལ་བའི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དམངས་གཉེར་སྣེ་འདྲེན་ཁེ་ལས་ཆེ་གྲས་ཤིག་ཏུ་གྱུར་ཡོད་པ་རེད། བོད་ཀྱི་དམངས་གཉེར་ཁེ་ལས་ཁྲོད་ཀྱི་རྩེ་གྲའི་གྲས་ཤིག་ཡིན་པའི་ཆ་ནས་བོད་ལྗོངས་ཇོ་མོ་གླང་མ(ཚོགས་པ)ཚད་ཡོད་ཀུང་སིའི་འཚར་ལོངས་བྱུང་རིམ་ལས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཆུང་ངུ་ནས་ཆེན་པོ། ཉམ་ཆུང་ནས་སྟོབས་ཆེན་བཅས་བར་གྱི་འཕེལ་རྒྱས་བྱུང་རིམ་མཚོན་ཐུབ་པ་མ་ཟད། ད་དུང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་ཀྱང་མཚོན་ཐུབ།
ནས་ཆང་དང་། ཇ་བསྲུབས་མ། ཁ་བཏགས་སོགས་ནི་བོད་ཀྱི་རིག་གནས་ཀྱི་དཔེ་བྱེད་ལྟ་བུ་ཡིན་ལ་དེ་དག་ལས་བོད་མི་དམངས་ཀྱི་སྤྲོ་སེམས་དང་བློ་རྒྱ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་རང་གི་ཁྱད་ཆོས་ལྡན་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁག་རེ་རེ་བཞིན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཁྲོམ་རའི་འཇུར་མིག་གི་བཀག་རྒྱ་ལས་གྲོལ་ཡོད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བོད་ལྗོངས་ཐེན་ཡིའུ་ཏེ་ནས་ཆང་ལས་རིགས་ཀྱིས་དུས་ཐུང་ལོ་གཉིས་རིང་གི་འཛུགས་སྐྲུན་ཐོན་སྐྱེད་ཁྲོད་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་2.7རེ་ཕྱིར་ཚོང་ཐུབ་ནས་ཁེ་སྤོགས་སྒོར་དུང་ཕྱུར་1.1དང་ཁྲལ་དངུལ་སྒོར་ཁྲི་4200མངོན་འགྱུར་བྱུང་བའི་ཁར་ས་གནས་དེ་གའི་མི་107གྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་པ་རེད།
ཚོང་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་སོགས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེར་གཏོང་བ། ཚད་གཞི་དམའ་རུ་གཏོང་བ་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཁྲོམ་རའི་གཙོ་གཟུགས་མགྱོགས་མྱུར་འཕར་ཡོད། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་སུ་ཁྲོམ་རའི་གཙོ་གཟུགས་སྣ་ཚོགས་18808ཐོ་འགོད་བྱས་པ་དེ་དག་གི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་568.05ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་92.59%དང་163.8%སོ་སོར་འཕར་ཡོད་པ་རེད། གངས་ལྗོངས་ས་མཐོ་འདིར་སྤྱི་དམངས་ལས་གཏོད་དང་སྤྱི་དམངས་གསར་གཏོད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་ཞིག་འཆར་བཞིན་ཡོད་པ་རེད།
བོད་ཀྱི་ཁྲོམ་རའི་གཙོ་གཟུགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བ་ལས་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་སྐུལ་ཁྲིད་ཐེབས་པ། གསར་འཕར་ཁྲོམ་རའི་གཙོ་གཟུགས་ཀྱི་ཐོན་ལས་དང་པོའི་ཚོང་དུད་གྲངས་འབོར་དང་ཐོན་ལས་གཉིས་པའི་ཚོང་དུད་གྲངས་འབོར་གྱིས་ལྗོངས་ཡོངས་ཁྲོམ་རའི་གཙོ་གཟུགས་ཀྱི་5.3%དང་10.83%ཟིན་པ་དང་། ཐོན་ལས་གསུམ་པའི་ཚོང་དུད་གྲངས་འབོར་15774ཟིན་པ་དེས་ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་གཟུགས་ཀྱི་83.87%ཟིན་ཡོད་པ་རེད།
རྒྱུན་རྣམ་གསར་པ། ཐབས་ལམ་གསར་པ། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་ཐོན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣