དབུ་ཤོག>གསར་འགྱུར།
  • བདེན་འཛིན་བསམ་པ་སེམས་ལ་བརྟན་པོར་བཅངས། བློ་དཀར་སེམས་དཀར་བྱས་རྗེས་གསར་པ་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-08

    བོད་རང་སྐྱོང་ལྗོངས་ཁྲེང་ཏུའུ་ལས་བྱེད་ལས་འཁྱུར་ཁང་གི་བགྲེས་སོང་10ལ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་རྟགས་མ་རག་ཅིང་། ཁོང་ཚོ་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་ཞུགས་མྱོང་བ་དང་། དེ་རྗེས་སྔ་རྗེས་སུ་བོད་དུ་བསྐྱོད་ནས་གངས་ལྗོངས་ས་མཐོར་ཁ་ཁུ་སིམ་མིར་བྱ་བ་ཧུར་ཐག་བསྒྲུབས་པ་དང་སྒེར་སེམས་མེད་པར་རང་གི་ཚེ་གང་སྐྱེས་སུ་ཕུལ་ཡོད། དེ་རིང་ང་ཚོས་ཧུའུ་ཙུང་ལིན་དང་། ཝང་ཁྲང་ཨན། ལན་ཡིའུ་ཞང་བཅས་འཐབ་འཛིང་པ་རྒན་གྲས་གསུམ་གྱི་སར་བསྐྱོད་ནས་ཁོང་ཚོའི་ངོ་མཚར་ཆེ་བའི་གསར་བརྗེའི་གཏམ་རྒྱུད་ཉན་རྒྱུ་ཡིན།

    བཟོ་ཕྲུག་ནས་དམར་དམག་གི་འཐབ་འཛིང་པར་གྱུར་པའི་ཧུའུ་ཙུང་ལིན།

    ཁྲེང་ཏུའུ་ལས་བྱེད་ལས་འཁྱུར་ཁང་གི་ལས་དོན་མི་སྣས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་རྟགས་མ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དེ་སྔའི་ཀྲུའུ་རེན་གཞོན་པ་བོད་རིགས་དམར་དམག་རྒན་གྲས་ཧུའུ་ཙུང་ལིན་གྱི་ལག་ཏུ་སྤྲོད་སྐབས། བགྲེས་སོང་གིས་དེ་བླངས་ནས་སྦར་མཐིལ་དུ་བཞག་སྟེ། “དངོས་གནས་ཡག་པོ་འདུག དངོས་གནས་ཡག་པོ་འདུག ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་བརྗེད་མི་འདུག མི་དམངས་ཀྱིས་ང་ཚོ་བརྗེད་མི་འདུག”ཅེས་བར་མཚམས་མེད་པར་བཤད་བྱུང་།

    དེ་རྗེས་བགྲེས་སོང་གིས་སེར་ལ་རྙིང་པ་ཆགས་པའི་འདྲ་པར་འགའ་ཞིག་དང་བྱས་རྗེས་གཟེངས་རྟགས་དང་དྲན་གསོའི་རྟགས་མ་འགའ་བཏོན་ནས། ཁོང་རང་ཉིད་རི་འགོག་དམག་འཁྲུག་ལ་ཞུགས་སྐབས་ཀྱི་ངོ་མཚར་གཏམ་རྒྱུད་གསར་འགོད་པར་བཤད་བྱུང་། 1920ལོར་ཧུའུ་ཙུང་ལིན་སི་ཁྲོན་ཞིང་ཆེན་ལིས་རྫོང་དུ་སྐྱེས་པ་དང་། མིང་ལ་རིན་ཆེན་བསོད་ནམས་བཏགས། ཁྱིམ་གྱི་འཚོ་བ་དབུལ་བའི་རྐྱེན་གྱིས་ལོ་9ལ་སོན་སྐབས་ཧུའུ་ཙུང་ལིན་བཟོ་ཕྲུག་མི་བྱེད་ཐབས་མེད་བྱུང་།

    1935ལོར་དམར་དམག་སི་ཁྲོན་ལིས་རྫོང་དུ་འབྱོར།

    ལས་ཀའི་དགོས་མཁོས་རྐྱེན་པས་དམར་དམག་ལ་མང་ཚོགས་འཐུས་མི་5ལས་དོན་རུ་ཁག་ཏུ་ཞུགས་དགོས་པ་དང་། དེའི་ནང་ལོ་ཆུང་བྱིས་པའི་འཐུས་མི་ཞིག་མཁོ་གི་ཡོད། རྒྱ་སྐད་དང་། བོད་སྐད། ཆའང་སྐད་བཅས་ཤེས་པའི་ཧུའུ་ཙུང་ལིན་ཡུལ་མི་ཚོས་ལོ་ཆུང་བྱིས་པའི་འཐུས་མིར་བདམས་པ་དང་། དེ་རྗེས་དམར་དམག་ལས་དོན་རུ་ཁག་གིས་ཁོ་པའི་འཇོན་ཐང་ཤེས་ནས་དམར་དམག་ནང་འཐེན།

    རྗེས་སུ་ཧུའུ་ཙུང་ལིན་ད་དུང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དཔོན་དུ་བདམས་ཤིང་། “ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དཔོན་བྱས་ནས་ལོ་འགའ་སོང་བས། དམར་དམག་ལ་རྒྱུས་མངའ་དེ་བས་ཆེ་བ་ལོན་ལ། བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་སོང་བས། དམར་དམག་ལ་ཞུགས་རྒྱུའི་བསམ་བློ་འཁོར་བྱུང་། སྐབས་དེ་དུས་ངས་གནས་ལུགས་དེ་འདྲ་ཞིག་ལ་ཡིད་ཆེས་བྱེད་པ་སྟེ། དམར་དམག་ལ་ཞུགས་རྗེས་གཞན་ལ་གཡོག་པོ་རྒྱུག་མི་དགོས་ལ། གཞན་གྱི་བརྙས་བཅོས་མྱོང་མི་དགོས་པའི་ཁར། གྲོད་པ་ལྟོགས་ནས་སྡོད་མི་དགོས་པ་དེ་ཡིན”ཞེས་བགྲེས་སོང་ཧུའུ་ཙུང་ལིན་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས“ངའི་ཨ་མ་དང་སྐད་ཆ་བྱས་རྗེས། དམག་དཔུང་འགོ་ཁྲིད་ལ་རང་ཉིད་དམར་དམག་ལ་ཞུགས་རྒྱུའི་རེ་བ་བཏོན་པ་ཡིན”ཞེས་བཤད་བྱུང་།

    དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གྱིས་ཧུའུ་ཙུང་ལིན་གྱི་རེ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། ཁོང་གིས“ཁྱོད་ཚོ་ནི་དམར་དམག་སི་ཁྲོན་བོད་རིགས་ས་ཁུལ་དུ་སླེབས་རྗེས། གསར་བརྗེར་ཞུགས་མཁན་བོད་རིགས་བློ་མཐུན་ཁག་དང་པོའི་གྲས་ཡིན་པས། རྩ་འཛུགས་ནས་ཁྱོད་ཚོ་འདྲ་བའི་དམར་དམག་འཐབ་འཛིང་པར་སེམས་ཁུར་དང་མཐོང་ཆེན་བྱས་ཏེ་གཙོ་གནད་གསོ་སྦྱོང་གིས་ཁྱེད་ཚོ་གང་མགྱོགས་རྐང་འཛིན་སྟོབས་ཤུགས་སུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    1938ལོར་ཧུའུ་ཙུང་ལིན་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། 1940ལོར་རི་འགོག་སློབ་ཆེན་ཡན་ལག་སློབ་གྲྭ་དྲུག་པར་སློབ་སྦྱོང་བྱས་རྗེས། ཐའེ་ཧང་དམག་ཁུལ་ཁང་དགྲ་བོའི་རྒྱབ་ཕྱོགས་དྲག་ཆས་རུ་ཁག་ཡན་ལག་རུ་ཁག་གི་རུ་དཔོན་དང་བྱེས་འཐབ་དམག་སྡེའི་སློབ་སྟོན་པའི་འགན་ཁུར། “དགྲ་བོ་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་མེ་མདའ་ཐེངས་འགའ་ཕོག་གྲབས་བྱས་བྱུང་། སྟབས་ལེགས་པར་གསོན་པོར་གནས་ཐུབ་སོང་། ཐེངས་ཤིག་མི་སེར་གྱི་ཐོག་ཁར་རི་པིན་འདྲེ་དམག་དང་དམར་འཛིང་དྲག་པོ་ཐུག་པ་དང་། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རི་པིན་འདྲེ་དམག་འགའ་ཚར་བཅད་པའི་མཐར། ཡར་ལངས་མི་ཐུབ་པར་དེ་གར་འགྱེལ་ནས་སྡོད་དགོས་བྱུང”ཞེས་བགྲེས་སོང་གིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཡ་ང་སྙིང་རྗེ་མེད་པའི་དམག་འཁྲུག་བརྗེད་ཐབས་མེད་པར་གྱུར།

    ཞིང་པའི་ཕྱུག་ཕྲུག་ནས་དམར་དམག་ལ་ཞུགས་མཁན་ཝང་ཁྲང་ཨན།

    1926ལོར་ཝང་ཁྲང་ཨན་ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་གྱི་ཞིང་པ་ཕྱུག་པོའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1937ལོར་རི་པིན་བཙན་འཛུལ་པས་ཁོའི་ཕ་ཡུལ་དུ་བཙན་འཛུལ་བྱས། “རི་པིན་འདྲེ་དམག་ལ་ཡ་ང་སྙིང་རྗེ་གཏན་ནས་མི་འདུག ཁོ་ཚོས་ཁང་པ་མེར་བསྲེགས་པ་དང་རྒྱུ་ནོར་ཕྲོགས་ནས་ང་ཚོ་ཀྲུང་གོ་བ་མི་ལ་གཏན་ནས་བརྩི་གི་མི་འདུག་པས། གྲོང་ཚོ་ཧྲིལ་པོའི་ཡུལ་མི་རྣམས་ཐའེ་ཧང་རི་བོའི་ཕྱོགས་སུ་བྲོས་པ་དང་། དགྲ་བོས་སྙིང་རྗེ་མེད་པའི་ངང་ངའི་ཡུལ་མི་བསད་ཅིང་། ཚེ་ལས་ཐར་བའི་ཡུལ་མི་འགའ་ཧྲེ་པའོ་ཐོའུ་ཟེར་བའི་ས་ཆ་ཞིག་ཏུ་ཡིབ་ནས་སྡོད་དགོས་བྱུང་བ་དང་། ང་ཡང་དེ་ནས་བཟུང་སློབ་མཚམས་ཆད་སོང”ཞེས་བརྗོད་པ་དང་། སྐབས་དེ་དུས་ཝང་ཁྲང་ཨན་ཁུལ་དེའི་སློབ་ཆུང་ཞིག་འགྲིམ་བཞིན་ཡོད།

    རྫོང་གྲོང་རི་དམག་གི་ལག་ཏུ་ཤོར་རྗེས། རྫོང་སྲིད་གཞུང་ཧྲེ་པའོ་ཐོའུ་ཟེར་བའི་ས་ཆར་སྤོས་པ་དང་འབྲེལ། དེ་གར་སློབ་འབྲིང་བཙུགས་པ་དང་། ཝང་ཁྲང་ཨན་སློབ་འབྲིང་དུ་བསྐྱོད་དེ་མུ་མཐུད་སློབ་སྦྱོང་བྱས། “སློབ་གྲྭའི་དགེ་རྒན་ཚང་མ་པེ་ཅིང་ནས་སླེབས་པས་དུས་རྟག་ཏུ་ང་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་ཡར་ཐོན་བསམ་བློ་དང་རི་འགོག་བསམ་བློ་དྲིལ་བསྒྲགས་བྱེད་ཀྱི་འདུག དགེ་རྒན་དེ་དག་ཚང་མ་གུང་ཁྲན་ཏང་ཡོན་ཡིན་པ་ང་ཚོས་རྗེས་སུ་གཞི་ནས་ཤེས་བྱུང”ཞེས་ཝང་ཁྲང་ཨན་གྱིས་བརྗོད་པ་དང་རྗེས་སུ་དགེ་རྒན་ཚོའི་མཛུབ་ཁྲིད་འོག་ཝང་ཁྲན་ཨན་གསར་བརྗེར་ཞུགས་རྒྱུའི་བསམ་བློ་འཁོར།

    རང་གི་ཨ་ཁུ་ཝང་ཕེ་ཤིན་གསར་བརྗེར་ཞུགས་ནས་ཡན་ཨན་དུ་བསྐྱོད་པས། ཝང་ཧྲན་ཨན་གསར་བརྗེར་ཞུགས་རྒྱུའི་བསམ་བློ་དེ་བས་ཤུགས་ཆེར་ཕྱིན། 1942ལོར་ཝང་ཁྲང་ཨན་དང་མི་འགའ་ཞིག་རོགས་པ་བསྒྲིགས་ནས་ཉིན་གཅིག་དང་མཚན་ཕྱེད་ལ་གྲོང་ཚོ་8བརྒྱུད་མཐར་བཅིངས་འགྲོལ་ས་ཁུལ་དུ་འབྱོར། “སྐབས་དེ་དུས་སྟོན་བསྡུའི་ནམ་དུས་ཡིན་པས་དམག་མིར་ཞུགས་རྗེས་ཀྱི་ལས་འགན་དང་པོ་དེ་ཉིན་ལྟར་དགོང་མོ་གྲོ་བརྔ་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་རེད། དམག་དཔུང་ནང་རིག་གནས་ཆུ་ཚད་མཐོ་བའི་མི་དཀོན་པོ་ཡིན་པ་དང་། ང་རང་ཡི་གེ་ཤེས་པའི་དབང་གིས་དྲུང་ཡིག་ལ་བསྐོས་བྱུང་། ལས་འགན་གཙོ་བོ་ནི་སྙན་ཞུ་བྲི་རྒྱུ་དང་། ཟད་གྲོན་རྩིས་རྒྱག སྟོན་བསྡུའི་དངོས་ཟོག་བསྡོམས་རྩིས་རྒྱག་རྒྱུ། དེ་བཞིན་འཐབ་གྲོགས་ཚོ་དང་མཉམ་དུ་དགྲ་བོའི་དམག་ཇུས་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད”ཅེས་བགྲེས་སོང་གིས་དྲན་གསོ་བྱེད་བཞིན་བརྗོད་པ་དང་། མདེལ་ཆག་རོ་ཞིག་དུས་ད་ཆའི་བར་བགྲེས་སོང་གི་མིག་གཡོན་མའི་ཐོད་དུ་ལུས་ནས་ལོ་30ལྷག་ཙམ་སོང་བ་དང་། ལས་འཁྱུར་མ་བྱས་གོང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་པས་གཞི་ནས་བཏོན་པ་རེད།

    རི་འགོག་དམག་འཁྲུག་མཇུག་འགྲིལ་བའི་ལོ་དེར་ཝང་ཁྲང་ཨན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། བཅིངས་འགྲོལ་དམག་འཐབ་མཇུག་འགྲིལ་རྗེས་ཝང་ཁྲང་ཨན་དམག་སྡེ་བཅོ་བརྒྱད་པའི་ཐོན་157ལ་ཞུགས་སུ་བཅུག་ནས་བོད་དུ་དཔུང་འཇུག་བྱེད་པར་ཞུགས་པ་དང་། རྗེས་སུ་བོད་དུ་ལས་ཀ་བྱས་ནས་མཐར་ལས་འཁྱུར་བྱས།

    གཅེན་གཅུང་གཉིས་ཀ་མཉམ་དུ་དམག་མིར་ཞུགས་པའི་ལན་ཡིའུ་ཞང་།

    འདི་ལོ་ལོ་88སླེབས་པའི་འཐབ་འཛིང་པ་རྒན་གྲས་ལན་ཡིའུ་ཞང་ཉེ་དུས་གློ་བའི་གཉན་ཚད་ཀྱིས་རྐྱེན་པས་སྨན་ཁང་དུ་སྨན་བཅོས་བྱས་ནས་བསྡད་ཡོད། གསར་འགོད་པས་ཁོང་ལ་བཅར་འདྲི་ཞུ་བར་སྐྱོད་སྐབས། བགྲེས་སོང་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་ཡོད་པ་དང་ཤོད་འདོད་ཀྱི་བློ་ཆེན་པོ་སྐྱེ་བཞིན་ལོ་བཅུ་ཕྲག་གོང་གསར་བརྗེར་ཞུགས་པའི་ངོ་མཚར་གཏམ་བརྒྱུད་བཤད་བྱུང་།

    ལན་ཡིའུ་ཞང་ཧྲན་ཤིས་ཞིང་ཆེན་ཤང་ཧེང་རྫོང་ནས་ཡིན་པ་དང་། 1927ལོའི་ཟླ་6པར་སྐྱེས། ཁོང་ལོ་10ལ་སོན་སྐབས་ཁོང་ལས་ལོ་8རྒན་པའི་གཅེན་པོ་ལན་ཡིའུ་ཀྲེ་ནི་གུང་ཁྲན་ཏང་གི་གསང་བའི་ལས་དོན་མི་སྣ་ཞིག་ཡིན་པ་དང་། ཐེངས་ཤིག་གཅེན་པོས་ལན་ཡིའུ་ཞང་ཕྱི་ནས་སླེབས་པ་གསང་བའི་ཏང་གི་བློ་མཐུན་ཞིག་གི་ལམ་སྣེ་འཁྲིད་མཁན་བྱེད་པར་མངགས་ནས་གྲོང་ཚོར་ཤོག་བུ་བཟོ་བ་དང་། ཨ་རག་སྙོལ་བ། སྐྱུར་ཚུའུ་བཟོ་བ་བཅས་ཀྱི་ལས་ཀ་དང་དེ་བཞིན་མི་སེར་ཚོའི་ཁྱིམ་དུ་རི་འགོག་བསམ་བློའི་སློབ་གསོ་གཏོང་བའི་ལས་དོན་སྤེལ་དུ་བཅུག མི་དེས་ལན་ཡིའུ་ཞང་སྤྱང་གྲུང་དོད་པོ་ཡོད་པ་མཐོང་སྐབས། ཁོ་པར་བུ་རང་ལོ་ཆུང་བྱིས་པའི་གདོང་ལེན་རུ་ཁག་ལ་ཞུགས་འདོད་འདུག་གམ་ཞེས་དྲིས།

    “རྒྱལ་ཤོར་བྲན་གཡོག་བདག་པོ་བརླགས་པའི་ཁྱི་རྒན་ལས་སྐྱོ”“མི་རིགས་ཀྱི་དར་རྒུད་མི་ཚང་མར་འགན་འཁྲི་ཡོད”བློ་མཐུན་རྒན་གྲས་ཀྱི་ཁ་རྒྱུན་ནས་འཇགས་པ་དང་ང་ཚོས་ཁོང་ཚོའི་ཤོད་རྒྱུན་རྒྱུན་འཛིན་བྱས་ནས་གང་མགྱོགས་གསར་བརྗེའི་འབོད་ཚིག་དང་གླུ་གཞས་མང་པོ་ཞིག་ཤེས་པ་དཔེར་ན། 《སུང་ཧྭ་གཙང་པོ་ངོགས་སུ》ཞེས་པ་དང་། 《རྒྱལ་ཁབ་སྐྱོབ་པའི་མདུན་སྐྱོད་གླུ་དབྱངས》 《ན་གཞོན་ཡིན་ན་དམག་མི་བྱེད་དགོས》ཞེས་པ་སོགས་རེད།

    ལོ་ཆུང་གདོང་ལེན་རུ་ཁག་ཏུ་ལོ་ཁ་ཤས་བསྡད་རྗེས། རྩ་འཛུགས་ནས་ལན་ཡིའུ་ཞང་ལ་ལས་འགན་དེ་བས་ལྕི་བ་ཞིག་བཀོད་སྒྲིག་གནང་བ་སྟེ། གསང་བའི་ལས་དོན་པ་ཞིག་བྱ་རྒྱུ་དེ་རེད། རྩ་འཛུགས་ཀྱི་བཀོད་སྒྲིག་འོག་ལན་ཡིའུ་ཞང་གིས་རི་པིན་བས་གཉེར་བའི་འབྲིང་རིམ་ཆེད་ལས་སློབ་གྲྭ་འགྲིམས་ནས་གསང་འཕྲིན་སྐྱེལ་བའི་ལས་འགན་ཁུར་ཡོད། “དགྲ་བོའི་མངའ་ཁོངས་ནས་གནས་གཞིའི་ཁུལ་བར་གསང་འཕྲིན་བསྐྱལ་རྒྱུ་དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ལས་ཀ་ཞིག་རེད། ཉིན་ལྟར་སེམས་བཀྱགས་ནས་སྡོད་དགོས་ཀྱི་འདུག ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དགྲ་བོ་དང་འདུམ་འགྲིག་བྱས་ནས་གསང་འཕྲིན་གལ་ཆེན་རེ་རེ་བཞིན་གནས་གཞིའི་ཁུལ་དུ་བསྐྱལ་ཏེ། རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ལེགས་ཙམ་བསྒྲུབས་པ་ཡིན”ཞེས་ལན་ཡིའུ་ཞང་གིས་ཕྱིར་དྲན་བྱེད་བཞིན་བཤད་བྱུང་།

    ལན་ཡིའུ་ཞང་གསར་བརྗེར་ཞུགས་པའི་བརྒྱུད་རིམ་ནང་ཁོང་གིས་ཧྲང་ཏང་གཡུལ་འགྱེད་དང་། ཕིང་ཧན་གཡུལ་འགྱེད། ཏ་པེ་རི་བོའི་དཔུང་འཇུག ཧོའེ་ཧའེ་གཡུལ་འགྱེད། ཏུའུ་ཅང་གཡུལ་འགྱེད། ཀྲེ་ཅང་ནུབ་རྒྱུད་གཡུལ་འགྱེད། ཧུའུ་ནན་ནུབ་རྒྱུད་གཡུལ་འགྱེད། ལྷོ་ནུབ་ཆེན་པོའི་བཅིངས་འགྲོལ་གཡུལ་འགྱེད་སོགས་ལ་ཞུགས་མྱོང་ཡོད། 1950ལོའི་ལོ་སྟོད་དུ་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་དཔུང་འཇུག་བྱས་ནས་ལམ་བར་དུ་ཨར་ལམ་རི་བོའི་ལམ་བཟོའི་ལས་ཀར་ཞུགས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།