དབུ་ཤོག>གསར་འགྱུར།
  • རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-08

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནང་། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལས་དོན་གྱི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་དེ་ནི་རང་རྒྱལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་བརྩི་སྲུང་བྱ་ཡུལ་མཁོ་འདོན་གནང་ཡོད།

    བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་མ་ཟད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་ཡང་གནས་པས། དམིགས་བསལ་གྱི་གནས་ཡུལ་དང་། དམིགས་བསལ་གནས་ཚུལ། དམིགས་བསལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་རྒྱུ་རྐྱེན་ལས་བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་དེས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་དམིགས་བསལ་གྱི་གནས་བབ་གལ་ཆེན་བཟུང་ཡོད།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་པ་དང་། ཐབས་བཟང་ཤོས་ནི་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་ཡིན། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་མི་རིགས་ལས་དོན་གྱི་རྩ་བའི་ལས་འགན་ཞིག་ཏུ་བརྩི་དགོས་པ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་འཛིན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་དང་འཕེལ་རྒྱས་གཏོང་དགོས་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། བསམ་བློའི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི་བཅས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

    གྲུ་ཡི་ཤེད་ཤུགས་གྲུ་གཡོར་ལ་ཐུག་པ་དང་། མི་ཡི་སྟོབས་ཤུགས་སེམས་ལ་ཐུག་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་བསྒྲུབ་རྒྱུ་ནི་མདོར་བསྡུས་ནས་བཤད་ན། མིའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཡིན། མི་རིགས་མཐུན་སྒྲིལ་ནི་མདོར་བསྡུས་ནས་བཤད་ན། མི་དང་མིའི་དབར་གྱི་མཐུན་སྒྲིལ་དེ་རེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་་རྒྱུན་དུ་མཐོང་ཆེན་དང་། རྒྱུན་གཏན་ནས་དམ་འཛིན། སྙིང་གཏམ་ཤོད་རེས་ལ་མཐོང་ཆེན། སེམས་པ་ཕན་ཚུན་བརྗེ་རེས་བཅས་བྱེད་དགོས། རྒྱུན་ཆད་མེད་པར་ཤུགས་རྒྱག་པ་དང་ཡུན་རིང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་འཛིན་ནས་སྒྲུབ་དགོས་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ཐུན་མོང་ཐོག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ་མི་སེམས་དྲོས་པ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་བྱ་བ་ཡག་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    མི་རིགས་མཐུན་སྒྲིལ་ཡོད་པའི་མི་དམངས་བདེ་སྐྱིད་ཆེ་ཤོས་དང་། མི་རིགས་མཐུན་སྒྲིལ་ཡོད་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་ཤོས་ཡིན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱ་སྤྱོད་ཧུར་ཐག་སྤེལ་ནས། མཐུན་སྒྲིལ་ལ་ཕན་པའི་སྐད་ཆ་མང་ཙམ་ཤོད་པ་དང་མཐུན་སྒྲིལ་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་གཏན་ནས་ཤོད་མི་རུང་ལ་མཐུན་སྒྲིལ་ལ་གནོད་པའི་བྱ་བ་གཏན་ནས་མ་བསྒྲུབས་པར་མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་བ་དང་། སྔོན་སྐྱོད་བ། དཔེ་སྟོན་བ། སྐུལ་སྤེལ་བ། དཔེ་བཟང་བ་བཅས་བརྩོན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།