རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་གྱི་ཏེང་པའི་འཚོ་བའི་འཕོ་འགྱུར་སྐོར་གླེང་བ།
འདི་ནི་ཀའོ་ཡུང་ཞུས(གཡོན་གྱི་དང་པོ)ཀྱིས་ཡུལ་མི་རྣམས་ལ་སྤྲེལ་ཁམ་འདེབས་སྟངས་ལག་རྩལ་སློབ་བཞིན་པ།
རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་། ཀུན་གྱིས་ནགས་ན་གནས་པའི་སྤྲ་དང་ཀླ་ཀློ་ཞེས་མཐོང་ཆུང་བྱེད་པའི་མི་སྐོར་ཞིག་ཡོད་པ་དེ་དག་གིས། གདོད་མའི་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ཚོར་ཡི་གེ་མེད་ཀྱང་རང་རང་གི་སྐད་ཆ་ཡོད་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁོངས་སུ་གཏོགས་ཀྱང་། མི་རིགས་56གྲས་སུ་ཚུད་མེད་ཅིང་། ཁོང་ཚོར་ཏེང་པ་བ་ཞེས་འབོད་ཀྱི་ཡོད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ཏང་དང་སྲིད་གཞུང་གིས་ཏེང་པ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། ཁོང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དང་འཚོ་བའི་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ད་ཆ་ཏེང་པ་བའི་ཁྱིམ་ཚང་ཚང་མ་གུ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་བརྩེགས་ཁང་གསར་དུ་སྤོས་ནས་བདེ་སྡོད་ལས་བརྩོན་ངང་བདེ་སྐྱིད་ཀྱི་འཚོ་བ་གསར་པར་རོལ་བཞིན་ཡོད།
དབྱར་ཁའི་ཉིན་ཞིག་ང་ཚོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་འཚམས་འདྲི་ཚོགས་ཆུང་དང་བཅས་པ་ལྷུང་ལྷུང་དུ་འབབ་པའི་རྫ་ཆུའི་ཆུ་གཞུང་བརྒྱུད། རི་མོ་མཁས་པའི་སོར་རྩེ་ལས་ཐོན་པ་ལྟར་གྱི་མཛེས་ལྗོངས་ལྟ་ན་སྡུག་པའི་རྫ་ཡུལ་སྨད་གྲོང་རྡལ་དུ་བསྐྱོད་ནས། ལོ་50ཡི་རིང་གི་དེ་གའི་ཏེང་པ་བའི་འཚོ་བར་འཕོ་འགྱུར་བྱུང་བའི་སྐོར་བཅར་འདྲི་བྱས་པ་ཡིན།
སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཏེང་པ་བ།
རྫ་ཡུལ་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོར་སྐྱོད་སྐབས། ཁྱིམ་ཚང་ཚང་མའི་ཁང་པའི་མདུན་གྱི་ཨར་འདམ་ལམ་བུ་དག་ཆར་ཆུས་གཙང་མར་བཀྲུས་པ་དང་། ཉི་གློག་ལམ་གཡས་གཡོན་དུ་འགྱིང་ངེར་གནས་ལ། སྡོད་ཁང་གསར་པ་སྟར་པ་རེ་རེ་ལྗོན་ཤིང་གསེབ་ཏུ་གྲལ་འགྲིག་པོས་གནས་པ་མཐོང་བྱུང་།
ཤག་གཉིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་ཕྱི་གླིང་དབྱིབས་ཀྱི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་སྡོད་ཁང་གཞན་གྱི་དབུས་ན་འགྱིང་ངེར་གནས་འདུག་པས། ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད།
སྡོད་ཁང་གི་མདུན་དུ་སྦྱིན་བདག་སྒོར་དབྱང་དང་ཕྲད་བྱུང་། ཁོང་གིས་སེམས་རྩ་འཁོལ་པོས་གདན་ཞུ་བྱས་པས། ང་ཚོ་ཐོག་སོ་དང་པོའི་ཚོམས་ཁང་ལ་ལྟ་སྐོར་དུ་བསྐྱོད་པ་ཡིན།
ཚོམས་ཁང་དུ་འཛུལ་མ་ཐག་སྡོད་ཁང་གི་དབུས་སུ་སྒོར་ཁྲི་གཉིས་གསུམ་ཙམ་རི་བའི་ཀོ་བའི་ཧྲ་ཧྥ་བསྒྲིགས་ཡོད་པ་དང་། རྡོ་ཀ་མ་རུ་ཡི་ཅོག་ཙེ་དང་བཟོ་ལྟ་ལེགས་པའི་བརྙན་འཕྲིན་འཇོག་ས་ཡོད་པ་མ་ཟད། དེའི་སྟེང་དབྱིན་ཚུན་40ཡི་གཤེར་གཟུགས་བརྙན་འཕྲིན་བསྒྲིགས་འདུག ཚོམས་ཁང་གི་མཛེས་རྒྱན་དེ་ལྟ་བུ་ཆ་རྐྱེན་ལེགས་གྲས་སུ་གཏོགས་པ་སྨོས་མི་དགོས།
སྒོར་དབྱང་གིས“འདི་དག་ཚང་མ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན། ཏང་དང་སྲིད་གཞུང་གིས་ང་ཚོ་ཏེང་པ་བའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་རེད། བོད་རྙིང་པར་ང་ཚོ་ཏེང་པ་བའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”ཅེས་བཤད།
ཁོང་ཚོའི་ཁྱིམ་གྱི་ཚོམས་ཁང་ལ་ལྟ་སྐོར་ཟིན་རྗེས། སྒོར་དབྱང་གིས་ང་ཚོ་ཐོག་སོ་གཉིས་པར་ཁྲིད་དེ་ཉི་གཡབ་ཀྱི་ཧྲ་ཧྥ་ཐོག་ཅི་འཕྲོས་མོས་འཕྲོས་བྱས་ནས་བསྡད་པ་ཡིན།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཏེང་པ་བ་རྣམས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་ནགས་ཚལ་སྟུག་པོའི་ཁྲོད་ཉ་འཛིན་པ་དང་རྔོན་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། ཐོན་སྐྱེད་ཀྱི་ཡོ་བྱད་ཧ་ཅང་རྗེས་ལུས་ཡིན་པས། མེ་དང་གྲི་བརྟེན་དགོས་ཀྱི་ཡོད་སྟབས། འབྲུ་རིགས་ཐོན་འབབ་ཧ་ཅང་དམའ་པོ་ཡོད། ལོ་གཅིག་ནང་ལོ་ཕྱེད་ཙམ་རི་སྐྱེས་ཚོད་མ་དང་རི་སྐྱེས་ཤིང་འབྲས་བཏོགས་པ་དང་རྔོན་བརྒྱབ་ཚེ་གཞི་ནས་འཚོ་གནས་ཐུབ་ཀྱི་ཡོད། ཁོང་ཚོ་རི་ཁུག་ཏུ་སྡོད་པ་དང་ཤིང་སྡོང་གི་སྟེང་དུ་ཉལ་དགོས་ཀྱི་ཡོད། རྩྭ་ཁང་ཆུང་ཆུང་ཞིག་བརྒྱབ་ནས་ཆར་པ་དང་ལྷགས་པ་འགོག་ཐུབ་ཚེ། སྐབས་དེ་དུས་ངོས་ནས་བརྗོད་ན་བདེ་སྐྱིད་ཧ་ཅང་ལྡན་པ་ཞིག་རེད།
འཚོ་བ་དེ་ལྟར་ཧ་ཅང་དབུལ་རུང་། སྐབས་དེ་དུས་བཀའ་ཤག་སྲིད་གཞུང་གི་དབང་སྒྱུར་འོག་མི་འབོར་ཅུང་ཉུང་བའི་ཏེང་པ་བ་ཡང་གཉའ་གནོན་ལས་ཐར་ཐབས་བྲལ་ཏེ། ཉིན་མོ་ཕྱིར་ལས་ཀར་སྐྱོད་མི་ཕོད་པར་མཚན་མོ་ཟླ་འོད་འོག་ངལ་རྩོལ་བྱེད་དགོས་པའི་གནས་སུ་གྱར་ཡོད། སྒོར་དབྱང་གིས“རང་ཉིད་ཆུང་དུས་ལོ་འཁོར་མོ་པུས་མོ་གྲོལ་ཙམ་གྱི་སྟོད་གོས་ཤིག་ལས་གོས་ཐུང་དང་ལྷམ་སོགས་གཏན་ནས་གྱོན་མྱོང་མེད”ཅེས་བཤད།
1967ལོར་སླེབས་སྐབས་སྲིད་གཞུང་གིས་ཆེད་མངགས་ཏེང་པ་བ་རིམ་གཤམ་དུ་སྤོ་རུ་བཅུག་པ་མ་ཟད། རྫ་ཡུལ་སྨད་གྲོང་རྡལ་དུ་ས་ཆ་སྤྲད་དེ་ཏེང་པ་བའི་གྲོང་ཚོ་བཙུགས་པ་དང་། སྡོད་ཁང་བསྐྲུན་པ། ས་ཞིང་སྤྲད་པ་སོགས་བྱས་ཤིང་། དེ་ནས་བཟུང་ཁོང་ཚོ་རྫ་ཡུལ་སྨད་གྲོང་ཚོར་གཞིས་ཆགས།
གཉའ་གནོན་དང་མཐོང་ཆུང་བྱེད་མཁན་མེད་པ་ནས་བཟུང་། ཏེང་པ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་འབྱེད་འགོ་ཚུགས།
ཏེང་པ་བའི་བོད་གསར་པའི་བདེ་སྐྱིད་འཚོ་བ།
སྒོར་དབྱང་ཁྱིམ་གྱི་ཐོག་སོ་གཉིས་པའི་ཉི་གཡབ་ཐོག་ལང་སྐབས་མི་རིང་བའི་ས་ནས་སྙན་འཇེབས་ལྡན་པའི་གླུ་སྒྲ་ཞིག་ལྷང་ལྷང་དུ་གྲགས་འོང་བ་དང་། སྒོར་དབྱང་གིས་གླུ་དབྱངས་ལ་ཉན་ཞོར་ཐ་མག་དལ་བུས་འཐེན་པར་བལྟས་ན་སྣང་བ་སྐྱིད་པོ་བྱུང་བ་ཤོད་མི་དགོས།
གླུ་གཞས་ཉན་རྗེས་སྒོར་དབྱང་གིས་ཐ་མག་གི་མེ་བསད་དེ་ང་ཚོར་ཕྱི་གླིང་དབྱིབས་ཀྱི་སྡོད་ཁང་བརྒྱབ་པའི་རྒྱུ་རྐྱེན་བཤད་བྱུང་།
དེ་སྔ་ཏེང་པ་བར་ཁྱོ་གཅིག་ཤུག་མང་གི་ལམ་ལུགས་གནས་ཡོད། ཆ་རྐྱེན་ཅུང་ལེགས་པས་རྩྭ་ཁང་ཞིག་རྒྱག་གི་ཡོད་པ་དང་སྡོད་ཁང་གི་ཤར་ངོས་སུ་སྐྱེས་པ་སྡོད་པ་དང་ནུབ་ངོས་སུ་པང་ལེབ་ཀྱིས་བཅད་བརྒྱབ་ནས་བཟོས་པའི་གུ་དོག་པའི་སྡོད་ཁང་དུ་བཟའ་ཟླ་ཚོ་སྡོད་ཀྱི་ཡོད། སྐབས་དེ་དུས་བུད་མེད་ལ་སྤྱི་ཚོགས་ཀྱི་གནས་བབ་གཏན་ནས་མེད།
དམངས་གཙོའི་བཅོས་སྒྱུར་བཏང་རྗེས། ཏེང་པ་བས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་གསར་པར་བསྐྱོད་དེ། གཉེན་སྒྲིག་ལམ་ལུགས་ཀྱང་ཁྱོ་གཅིག་ཤུག་གཅིག་གི་ལམ་ལུགས་སྤྱད་ནས་བུད་མེད་ཀྱི་ཁྱིམ་ཚང་གི་གནས་བབ་རིམ་བཞིན་མཐོ་རུ་ཕྱིན་ཡོད།
སྒོར་དབྱང་གི་ངོས་ནས་བརྗོད་ཚེ། ཁྱོ་བོ་པའོ་འུད་ལུང་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་འགན་འཁྲི་འཁུར་སེམས་ལྡན་པའི་སྐྱེས་པ་ཡག་པོ་ཞིག་ཡིན་པ་རེད།
སྒོར་དབྱང་གིས་ཕྱི་གླིང་དབྱིབས་ཀྱི་སྡོད་ཁང་དེར་མཛུབ་མོ་བཙུགས་ནས“སྲིད་གཞུང་གི་དམངས་ཕན་ཁ་གསབ་མེད་ཚེ། ཁྱོ་བོ་གཅིག་པུས་ཕྱིར་གླ་པར་བསྐྱོད་པ་དང་སྐྱེལ་འདྲེན་ལས་ལ་གཞོལ་བའི་ཡོང་སྒོ་ཁོ་ནས་སྡོད་ཁང་རྒྱག་ཐབས་བྲལ”ཞེས་བཤད། ཏེང་པ་བས་སྡོད་ཁང་གསར་པ་རྒྱག་པར་སྲིད་གཞུང་གིས་སྡོད་ཁང་གསར་རྒྱག་གི་ཁ་གསབ་ངེས་ཅན་སྤྲོད་ཀྱི་ཡོད། དེ་ཙམ་མ་ཟད་སྒོར་དབྱང་གི་ཁྱིམ་ཚང་ལ་ལོ་ལྟར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྒོར་8000ལེན་རྒྱུ་ཡོད།
2014ལོའི་ལོ་འགོར་པའོ་འུད་ལུང་རི་ལ་རི་སྐྱེས་ཤ་མོ་འཐུ་སྐབས། སྟབས་མ་ལེགས་པར་བར་ཆད་ཕྲད་དེ་སྒོར་དབྱང་དང་འཚར་ལོངས་བྱུང་མེད་པའི་ཕྲུ་གུ་གསུམ་དང་ནམ་ཡང་ཁ་བྲལ་བ་རེད།
ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཙོ་བོ་དེ་མེད་པར་གྱུར་པའི་གནས་ཚུལ་འོག ཁྱིམ་ཚང་ཧྲིལ་པོའི་འཚོ་བའི་ཁུར་པོ་སྒོར་དབྱང་མི་གཅིག་གི་ཕྲག་པར་ལྷུང་པ་དང་། སེམས་ཁྲལ་ཆེ་ཐག་ཆོད་པའི་དབང་གིས་ཁོང་གི་གཟུགས་པོ་ཉིན་རེ་བཞིན་སྐྱོ་རུ་འགྲོ་གི་ཡོད།
སྒོར་དབྱང་གིས“་སྟབས་ལེགས་པ་ཞིག་ལ་ད་དུང་ཏང་དང་སྲིད་གཞུང་ཡོད”ཅེས་བཤད། སྒོར་དབྱང་ཁྱིམ་ཚང་ལ་རྫ་ཡུལ་སྨད་གྲོང་རྡལ་དང་། ཤག་གཉིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་ཚོའི་དུད་སྦྲེལ་ཚན་པ་བཅས་ཀྱི་རོགས་རམ་ངེས་ཅན་ཐོབ་ཡོད།
“ཁྱེད་རང་གཅིག་པུ་དཀའ་སྡུག་མྱོང་དགོས་ཀྱང་སྣང་དག་མེད། སློབ་གྲྭར་སྐྱོད་བཞིན་པའི་ཕྲུ་གུ་གསུམ་པོ་སྡུག་མྱོང་མི་དགོས་པ་བྱེད་དགོས” འདི་ནི་རྫ་ཡུལ་སྨད་གྲོང་རྡལ་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཅང་ཀྲེ་བྱང་གིས་བཤད་པ་ཞིག་རེད། གྲོང་རྡལ་ནས་ཟླ་རེར་ང་ཚོའི་ཁྱིམ་ལ་ཁ་གསབ་ངེས་ཅན་སྤྲད་དེ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་རྒྱུར་སྤྱོད་ཀྱི་ཡོད་པ་མ་ཟད། ཕྲུ་གུ་གསུམ་སློབ་ཆེན་མ་ཐོན་བར་མ་དངུལ་རོགས་རམ་བྱ་རྒྱུའི་ཁས་བླངས་བྱུང་ཞེས་སྒོར་དབྱང་གིས་སེམས་འགུལ་ཐེབས་པའི་མཆི་ཞག་འཁོར་བཞིན་དུ་བཤད།
“ཁྱོ་གས་བཞག་པའི་སྡོད་ཁང་དུ་སྡོད་རྒྱུ་ཡོད་པ་མ་ཟད། ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་པར་སེམས་ཁྲལ་བྱེད་མི་དགོས་པ་དང་། ད་ཆ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོར་ཞིང་ཁའི་ནང་ལས་ཀ་བྱེད་རོགས་བྱས་ཏེ། ཏང་དང་སྲིད་གཞུང་གི་དོ་ཁུར་གང་ལེགས་མཚོན་པར་བྱས་བྱུང”ཞེས་བཤད། དར་མའི་སྐབས་ཁྱོ་བོ་འདས་པ་ནི་མི་ཚེའི་ནང་བཀྲ་མི་ཤིས་པ་ཞིག་ཡིན་ཡང་། སྒོར་དབྱང་གི་ངོས་ནས་རེ་བས་ཕྱུག་པའི་འཚོ་བ་གསར་པ་ཞིག་གི་མདུན་བསུ་བཞིན་མཆིས།
འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཏེང་པ་བ།
ཉེ་བའི་ལོའི་ནང་། རང་སྐྱོང་ལྗོངས་ཀྱིས་གྲོང་ཚོར་སྐྱོད་པའི་ལམ་བཟོ་རྒྱུར་གཏོང་ཆ་ཇེ་ཆེར་བཏང་བས། ཏེང་པ་བར་རེ་བ་གསར་པ་སྦྱིན་ཞིང་། 2013ལོར་རྫ་ཡུལ་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོའི་ཨར་འདམ་ལམ་བཏིང་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། གྲོང་ཚོ་ནས་གྲོང་རྡལ་བར་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད།
སྒོར་དབྱང་གིས་ལམ་སྣ་ས་རྒྱུས་བྱས་པས་ང་ཚོ་ཁོང་གི་ཁྱིམ་ལས་སྨི་500ཙམ་གྱིས་ཆོད་པའི་ར་བ་ཞིག་གི་འགྲམ་དུ་སླེབས་པ་དང་། དེ་ནས་ཡར་འཛུལ་མ་ཐག་དེར་སྦ་ཤིང་གིས་ཁེངས་འདུག སྦ་ཤིང་འོག་ཏུ་བྱ་གག་ཁྱུ་བྱས་ནས་རྩེད་མོར་རོལ་བཞིན་མཆིས། ཡུལ་མི་གསུམ་བཞི་བྱས་ཏེ་སྦ་ཤིང་འོག་ཕར་འགྲོ་ཚུར་འོང་གིས་ཤིང་གི་ཡལ་ག་གཅོད་བཞིན་འདུག མགོར་ཞྭ་མོ་ཚོན་ཁྲ་གྱོན་ཞིང་ངོ་གདོང་དཀར་བའི་བུད་མེད་དར་མ་ཞིག་གིས་ཡུལ་མི་རྣམས་ལ་ལག་རྩལ་སློབ་བཞིན་འདུག
“ཁོང་ནི་ཕྱི་ནས་ང་ཚོའི་གྲོང་ཚོར་སླེབས་པའི་ཀའོ་ཡུང་ཞུས་རེད། ཁོང་དང་བཟའ་ཟླ་ཁྲེང་ཐན་ཧྲེང་འདིར་སླེབས་ནས་ལོ་4སོང”ཞེས་སྒོར་དབྱང་གིས་ང་ཚོར་ངོ་སྤྲོད་བྱས། དང་ཐོག་2010ལོར་ཤིང་འབྲས་ལོ་12འདེབས་མྱོང་བའི་ཀའོ་ཡུང་ཞུས་དང་བཟའ་ཟླ་ཀྲེན་ཐན་ཧྲེང་གིས་རྫ་ཡུལ་སྨད་གྲོང་རྡལ་གྱི་གནམ་གཤིས་ཡག་པོ་ཡོད་པར་བལྟས་ཏེ། སྐར་དམར་རྟགས་ཅན་གྱི་ཤིང་འབྲས་སྤྲེལ་ཁམ་ཚོད་འདེབས་བྱེད་པར་འོང་།
“འདི་གའི་ཤིང་འབྲས་ར་བར་ཚོད་འདེབས་ལེགས་གྲུབ་བྱུང་ཚེ་ཡུལ་མི་རྣམས་ལ་ཕན་པ་ཆེ་ཤོས་ཐོབ་སྲིད”ཅེས་ཀའོ་ཡུང་ཞུས་ཀྱིས་ང་ཚོར་བཤད་ཅིང་། ཁོང་བཟའ་ཚོ་གཉིས་ལ་ཐད་ཀའི་ཁེ་ཕན་དེ་ཙམ་ཆེན་པོ་མེད་ཀྱང་། དེ་ལྟར་དཀའ་ལས་བརྒྱབ་ནས་དུས་ཚོད་དང་། སེམས་ནུས། མ་དངུལ་ཚང་མ་ཤིང་འབྲས་ར་བ་དེར་འདོན་དགོས་དོན་ཅི་ཡིན་ཞེ་ན།
“འདི་ནི་ངའི་བཟའ་ཟླའི་རེ་བ་ཡིན”ཞེས་ཀའོ་ཡུང་ཞུས་ཀྱིས་བཤད་ཅིང་། ཁོང་གིས་ཀྲེན་ཐན་ཧྲེང་གི་འདུན་པ་ཆེ་ཤོས་ནི་ཤིང་འབྲས་ར་བ་ཞིག་ཏུ་རང་ཉིད་ཀྱིས་གཡོག་བྱས་ནས་སྐྱེས་པ་དང་། མེ་ཏོག་བཞད་པ། འབྲས་བུ་སྨིན་པ་མཐོང་བ་དེ་རེད། ལོ་འགའི་གོང་བཟའ་ཟླ་གཉིས་པོས་རྫ་ཡུལ་སྨད་གྲོང་ཚོའི་གནམ་གཤིས་ཀྱི་ཆ་རྐྱེན་དམིགས་བསལ་ལྡན་པ་ཤེས་འཕྲལ་དེའི་གནམ་གཤིས་དང་། ས་རྒྱུའི་སྐོར་གྱི་དཔྱད་གཞི་བསྡུ་རུབ་བྱས་ཁར། སི་ཁྲོན་ཞིང་ལས་སློབ་ཆེན་ནས་དགེ་རྒན་ཆེ་མོ་བ་ཀྲོའུ་ཆིན་དབྱང་ཤག་གཉིས་གྲོང་ཚོར་བརྟག་དཔྱད་ཚད་ལེན་བྱེད་པར་གདན་དྲངས། མཇུག་ཏུ་རྫ་ཡུལ་གྱི་ས་བབ་ཅུང་མཐོ་ཡང་རྫ་ཡུལ་སྨད་གྲོང་རྡལ་གྱི་གནམ་གཤིས་ཤིན་ཏུ་ཡག་པས། སྐར་དམར་རྟགས་ཅན་གྱི་སྤྲེལ་ཁམ་འདེབས་རྒྱུ་དང་ཧ་ཅང་འཚམ་པོ་ཡོད་པ་རེད།
ཚོད་འདེབས་བྱ་རྒྱུའི་བསམ་པ་ཁྱེར་ནས་བཟའ་ཚོ་གཉིས་ཀྱིས་རྫ་ཡུལ་སྨད་གྲོང་རྡལ་སྲིད་གཞུང་ལ་སྙན་ཞུ་ཕུལ་བ་དང་། ཕྱོགས་ཚང་མས་འབད་བརྩོན་བྱས་པ་བརྒྱུད། སྐར་དམར་རྟགས་ཅན་གྱི་སྤྲེལ་ཁམ་འདེབས་རྒྱུ་དེ་ཤག་གཉིས་གྲོང་ཚོའི་མཉམ་ལས་དཔལ་འབྱོར་རྣམ་གྲངས་སུ་བརྩིས་ནས་ཆོག་མཆན་སྤྲད་པ་དང་། གྲོང་རྡལ་སྲིད་གཞུང་གིས་སྒོར་ཁྲི་30བཏང་ནས་2011ལོའི་ལོ་མཇུག་ཏུ་ལག་ལེན་བསྟར་འགོ་ཚུགས།
བཟའ་ཚོ་གཉིས་ཀྱིས་མུའུ་རེར་ལོ་ལྟར་སྒོར་1200སྤྲད་དེ་ཡུལ་མིའི་ཞིང་ཁ་མུའུ་100སྔ་རྗེས་སུ་བོགས་མར་བླངས་ནས། དེ་འཕྲོས་མ་དངུལ་དག་སྐར་དམར་རྟགས་ཅན་གྱི་སྤྲེལ་ཁམ་གྱི་ཤིང་སོན་ཉོ་བར་བཏང་།
བོགས་མར་བླངས་པའི་ཞིང་ཁ་ཇེ་ཆེར་སོང་བ་དང་སྦྲགས། མ་དངུལ་ཚང་མ་རྫོགས་ནས་མི་འདང་བའི་སྐབས། བཟའ་ཚོ་གཉིས་ཀྱིས་ཐེ་ཚོམ་མེད་པར་སྒོར་ཁྲི་40རི་བའི་མགྲོན་ཁང་ཞིག་ནང་བཤུག་བཏང་སྟེ་དེའི་དངུལ་གྱིས་ཡུལ་མི་280ལ་གླ་ཆ་སྤྲད་པ་མ་ཟད། ཡུལ་མི་རྣམས་ལ་སྤྲེལ་ཁམ་འདེབས་སྟངས་དམར་ཁྲིད་ཀྱང་བྱས་པ་རེད།
ཀྲེན་ཐན་ཧྲེང་ཁྱོ་ཤུག་གིས་འགྲོ་སྡོད་སྤྱོད་གསུམ་ཤིང་འབྲས་ར་བར་བྱེད་པ་མ་ཟད། ལོ་4ཡི་རིང་ཕ་ཡུལ་དུ་ཐེངས་གཅིག་ཀྱང་མ་ལོག་པ་མཐོང་སྐབས། གྲོང་ཚོས་གྲོས་བསྡུར་བྱས་རྗེས། ཤིང་ཏོག་ར་བ་ནས་གནས་སྐབས་གྲོང་མིར་གླ་ཆ་མི་སྤྲོད་རྒྱུ་དང་སྤྲེལ་ཁམ་བཙོངས་རྗེས་དངུལ་རྩིས་རྒྱག་རྒྱུའི་ཐག་བཅད་པ་དང་། གྲོང་རྡལ་སྲིད་གཞུང་གིས་སླར་ཡང་ཁོ་ཚོར་མ་དངུལ་སྒོར་ཁྲི་36ཐག་གཅོད་བྱེད་རོགས་བྱས་པ་རེད།
དཀའ་སྤྱད་ལས་ལ་འབད་པས་འབྲས་བུ་སྨིན། འདི་ལོར་ཤིང་འབྲས་ར་བར་མུའུ་20ཟིན་པའི“སྐར་དམར་རྟགས་ཅན”གྱི་སྤྲེལ་ཁམ་་ལ་འབྲས་བུ་གཡུར་དུ་ཟ་བ་བཏགས་པ་དང་། སང་ལོར་མུའུ་25ཙམ་ལ་གཡུར་ཟའི་འབྲས་བུ་འབྱུང་ངེས་ལ། དེའི་ཕྱི་ལོར་ཤིང་འབྲས་ར་བའི་སྤྲེལ་ཁམ་སྡོང་པོ་ཚང་མར་འབྲས་བུ་ཐོགས་རྒྱུ་རེད། མཇུག་ཏུ་ཀྲེན་ཐན་ཧྲེང་གིས་གསར་འགོད་པར་ང་ཧ་ཅང་ལམ་འགྲོ་རྒྱུགས་སོང་། ཚེ་འདིར་རང་གི་འདུན་པ་མངོན་འགྱུར་བྱུང་བ་མ་ཟད། ད་དུང་རྫ་ཡུལ་གྱི་ཞིང་ལས་འཕེལ་རྒྱས་ཆེད་ནུས་པ་ཡང་འདོན་ཐུབ་སོང་། ཤག་གཉིས་གྲོང་ཚོའི་གྲོང་མི་རྣམས་ཀྱང་འབྱོར་འབྲིང་འཚོ་བར་སླར་ཡང་གོམ་པ་གཅིག་གིས་ཐག་ཇེ་ཉེར་ཕྱིན་སོང་ཞེས་བཤད།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣