དབུ་ཤོག>གསར་འགྱུར།
  • དམངས་འཚོ་ལེགས་པོས་གངས་ལྗོངས་ས་མཐོ་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-05

    213755_yis_1443516711622_s.jpg

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་འདེབས་གྲོང་ཚོར་ལོ་64ལ་སླེབས་པའི་རྒད་པོ་ལྷུན་གྲུབ་ཀྱིས་སྡོད་ཁང་གསར་པར་གཞས་ཆུང་གཏོང་བཞིན་དུ་སྐལ་བཟང་མེ་ཏོག་ལ་ཆུ་རྒྱག་བཞིན་འདུག བསྐྲུན་མ་ཐག་པའི་ཀ་གདུང་ལ་བརྐོས་བརྒྱབ་པའི་ཐོག་བརྩེགས་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་དེ་ནི་རྒད་པོའི་སྤོ་ཐེངས་གསུམ་པའི་ཁང་པ་གསར་པ་རེད།

    2006ལོར་བོད་ཀྱིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པས་ལྷུན་གྲུབ་ཀྱི་ནང་ཚང་ཚོ་ས་ཕག་གི་ཁང་པ་ནས་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པར་ཐེངས་དང་པོ་སྤོས་པ་རེད།

    བོད་དུ་ལྷུན་གྲུབ་ལྟ་བུ་བདེ་སྡོད་ལས་གྲྭ་བརྒྱུད་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བའི་དུད་ཚང་ཁྲི་46དང་ཞིང་འབྲོག་པ་ཁྲི་230ལྷག་ཙམ་ཡོད་པ་རེད།

    ཆེས་ལེགས་པའི་དམངས་འཚོའི་སྲིད་ཇུས།

    ཞོགས་པ་བོད་ལྗོངས་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཆ་ཚང་སློབ་ཆུང་གི་ལུས་རྩལ་ཐང་དུ་ཉི་འོད་རབ་ཏུ་འཕྲོ་བ་དང་ཕྲུ་གུ་རྣམས་འོ་མ་དང་། སྒོ་ང། རྩམ་པ། ཇ་སྲུབས་མ་སོགས་རིན་མི་དགོས་པའི་འཚོ་བཅུད་ཞོགས་ཟས་ཟ་བཞིན་འདུག ལྟོ་དུས་གསུམ་ལ་རིན་མི་དགོས་པ་མ་ཟད་ཞིང་འབྲོག་པའི་ཕྲུ་གུ་སློབ་གྲྭར་སྐྱོད་སྐབས་སློབ་ཡོན་ཡང་སྤྲོད་མི་དགོས་པ་དེ་སློབ་ན་མ་སོན་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་དུས་ཡུན་ལོ་15ཟིན་པའི“བཟའ་སྡོད་དང་སློབ་ཡོན་འགན་ལེན”གྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལས་བྱུང་བ་ཞིག་རེད།

    སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕུད། སྨན་བཅོས་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ་སོགས་ཚུད་པའི་དམངས་འཚོའི་སྲིད་ཇུས་ཁག་བོད་དུ་རྒྱལ་ཡོངས་ཀྱི་སྔོན་ལ་ལག་ལེན་བསྟར་བ་རེད།

    རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་བོད་ཀྱི་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་དུས་མཚུངས་བོད་ཀྱིས་ད་དུང་རྒྱལ་ཡོངས་སུ་སྣེ་ཁྲིད་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་ཁག་ལྔ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་སྤྱིར་ན་བཟོས་པ་རེད།

    བོད་ཀྱིས་ད་དུང་ཐབས་བརྒྱ་ཇུས་སྟོང་ངང་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལ་སྐུལ་མ་བཏང་ནས“སྐྱེས་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ཚང་མ་ལས་ཞུགས་ཐུབ་པ་བྱེད་པའི”ཁས་ལེན་བྱས་ཤིང་། ཉེ་བའི་ལོ་ཤས་རིང་སྐྱེས་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ལོ་ལྟར་ལས་ཞུགས་ཐུབ་ཚད་100%ལོན་ཡོད་པ་རེད།

    བོད་ཀྱི་ས་བབ་མཐོ་ལ། དམངས་འཚོ་ལེགས་སུ་གཏོང་བའི་སྲིད་ཇུས་ཀྱི་མཐོ་ཚད་སྔར་བས་མཐོ་བ་ཡོད།

    ཆེས་མཛེས་པའི་དམངས་འཚོའི་འདུ་འགོད།

    བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལྟར་མཛེས་སྡུག་ལྡན་པ་ནི་ད་དུང་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་དག་རེད།

    ལོ་50ཡི་རིང་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་7ལས་བརྒལ་ནས“འཕྲེད་གསུམ་དང་། གཞུང་གཉིས། ཤར་གཏོང་དྲུག”བཅས་སྒྲོམ་གཞི་གཙོ་བོར་བྱེད་པ་དང་བོད་དབུས་ཤར་ནུབ་བཅས་དཔལ་འབྱོར་ཁུལ་གསུམ་ལ་སྤྱིར་ན་ཁྱབ་པའི་གཞུང་ལམ་དྲ་བ་ཞིག་ཆགས་ཡོད། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་སོང་བ་དང་། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་བར་གྱི་རྒྱས་སྐྲུན་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་ཞིབ་བཤར་མཆན་འགོད་ཐོབ་པ། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པ་བཅས་རེད། ལྗོངས་ནང་ཁུལ་དུ་མ་ལམ་མཁའ་འགྲུལ་དྲ་བ་རགས་ཙམ་ཆགས་ནས་བོད་དང་མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་33ཟིན་ནས་མཁའ་ལམ་48བར་མང་དུ་ཕྱིན་པ་དང་གོང་དཀར་གནམ་ཐང་དུ་གནམ་གྲུ་སྡོད་མཁན་མང་བའི་དུས་སུ་ཉིན་རེའི་དུས་གཏན་གནམ་གྲུ་ཐེངས་གྲངས་100ལས་བརྒལ་བ་དང་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་མ་ལག་ཅིག་སྤྱིར་ན་ཆགས་ཡོད་པ་རེད།

    ད་ཆ་གངས་ལྗོངས་ས་མཐོའི་མི་རྣམས་འགྲིམ་འགྲུལ་ལེགས་སུ་ཕྱིན་པ་ལས་བྱུང་བའི་བདེ་སྐྱིད་མྱོང་ཚོར་ཐུབ་པ་མ་ཟད་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་དང་ལྕགས་ལམ་དྲ་བ་ལས་ལས་ཞུགས་དང་ཕྱུག་འགྱུར་གྱི་གོ་སྐབས་སྔར་བས་མང་བ་ཐོབ།

    ཆེས་འབེལ་བའི་དམངས་འཚོའི་མ་དངུལ།

    2020ལོར་རྒྱལ་ཡོངས་དང་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་དམངས་འཚོ་སྔོན་ལ་འཇོག་དགོས་པ་དེ་བོད་ཀྱི་རིམ་ཁག་སྲིད་གཞུང་གི་ཐུན་མོང་གི་ངོས་འཛིན་ཤིག་ཏུ་གྱུར། བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་གནས་བབ་མངོན་གསལ་དོད་པོར་འཇོག་དགོས་ཞེས་གསལ་སྟོན་བྱས་ཡོད། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ནོར་ཤུགས་དང་དངོས་ཤུགས་སྔར་བས་གཞི་རིམ་དུ་ཕྱོགས་ནས་དམངས་འཚོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡོད།

    སློབ་གསོའི་མ་འཇོག་དེ་དཔེར་བཞག་ནས་བཤད་ན། 2000ལོ་ནས་2014ལོའི་བར་བོད་ཀྱིས་ལོར་སློབ་གསོར་མ་དངུལ་གཏོང་ཤུགས་དེ་སྒོར་དུང་ཕྱུར་7.32ནས་སྒོར་དུང་ཕྱུར་13.5བར་མང་དུ་བཏང་ནས་ལྡབ་17.6འཕར་བ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་753ལས་བརྒལ་ཡོད།

    རྒྱལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་ཆུང་ཤོས་ཡིན་པའི་བོད་ཀྱིས་སྒོར་10སྤྱོད་པའི་ནང་སྒོར་9ནི་ཀྲུང་དབྱང་ནོར་སྲིད་ནས་བཏང་བ་ཞིག་ཡིན་ཞིང་། ལོ་50ཡི་རིང་ཀྲུང་དབྱང་གིས་བོད་ལ་ནོར་སྲིད་གཞན་སྒྱུར་གཏོང་སྤྲོད་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཀྱི་དམངས་འཚོ་ལེགས་སུ་གཏོང་བར་གཏིང་ཤུགས་ལྡན་པར་བྱས་ཡོད། བོད་ཀྱི་འབྲོག་ཁུལ་ལམ་ཡང་ན་གྲོང་ཁུལ་དུ་འཚོ་བ་སྐྱེལ་ཚེ་བདེ་སྐྱིད་དེ་ས་མཐོའི་ཉི་འོད་ལྟར་རབ་ཏུ་འཕྲོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།