ཁང་པ་གསར་པར་སྤོས། བདེ་སྐྱིད་འཚོ་བར་རོལ།
འདི་ནི་དགུན་ཚང་མོན་པ་མི་རིཌ་ཤང་མོན་གྲོང་གྲོང་ཚོའི་གྲོང་མི་བསྟན་འཛིན་རྡོ་རྗེས་སྤུན་མཆེད་ལ་མོན་པའི་སྲོལ་རྒྱུན་གྱོན་གོས་གཡོག་བཞིན་པ།
དབྱར་དུས་ཀྱི་ཉིང་ཁྲིར་རི་ཀླུང་ཐམས་ཅད་སྔོ་ཐིང་ཐིང་གྱུར་པ་དང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད། ཉང་ཆུའི་ཆུ་སྟོད་བརྒྱུད་མདུན་དུ་བསྐྱོད་པས། བཅར་འདྲི་ཚོགས་ཆུང་དང་བཅས་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་ལ་འབྱོར་བྱུང་།
དགུན་ཚང་ལ་དེ་སྔ་ཕད་ལུང་ཤང་ཟེར་ཞིང་། དེ་ཉིད་ཉིང་ཁྲི་རྫོང(ད་ལྟའི་བྲག་ཡིབ་ཆུས)གི་བྱང་ཤར་མཚམས་སུ་ཡོད་པ་དང་། བྱང་རྒྱུད་སྤོ་བོ་རྫོང་དང་སྦྲེལ་ཞིང་། ཤར་རྒྱུད་མེ་ཏོག་རྫོང་དང་སྦྲེལ་ཡོད། ཤང་སྲིད་གཞུང་དང་རྫོང་གྲོང་དབར་ལ་བར་ཐག་སྤྱི་ལེ་130ཡོད་པ་དང་ཉིང་ཁྲི་རྫོང་གི་ཆེས་རྒྱང་རིང་ལུང་ཁུག་གི་ཤང་ཞིག་རེད། 2000ལོར་ཡིད་འོང་དུ་ཆུ་ལོག་བྱུང་ནས་ཕད་ལུང་ཤང་ཧྲིལ་པོ་ཉིང་ཁྲི་རྫོང་དུ་སྤོས་ཏེ་དགུན་ཚང་མོན་པ་མི་རིགས་ཤང་ཞེས་པར་མིང་བསྒྱུར།
ཤང་དུ་སླེབས་མ་ཐག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁུན་ལིན་གྱིས་བསུ་བར་ཡོང་ཞིང་། འཇོན་ཐང་ཆེ་བའི་བུད་མེད་ལས་བྱེད་པ་དེས་སྐྱོད་ཀྱིན་སྐྱོད་ཀྱིན་བཅར་འདྲི་ཚོགས་ཆུང་ལ“ང་རང་ཡང་གཤམ་སྐྱོད་དུ་འགྲོ་རྩིས་ཡོད། ང་ཚོ་མཉམ་དུ་གྲོང་ཚོར་འགྲོ”ཞེས་བཤད་བྱུང་།
ལམ་བར་དུ་ཀྲང་ཁུན་ལིན་གྱིས་ང་ཚོར་རང་ཉིད་ད་ཐེངས་གཤམ་སྐྱོད་དུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ནི་རྡོ་ཕུ་གློག་ཁང་འཛུགས་སྐྲུན་དང་གྲོང་སྡེ་སྤོ་བའི་ལས་ཀར་ཞིབ་བཤེར་བྱ་རྒྱུ་དེ་ཡིན་ཞེས་ཤོད་ཀྱི་འདུག
“ཕད་ལུང་ནས་དགུན་ཚང་དུ་སྤོས་པ་དང་སླར་ཡང་བཀོད་སྒྲིག་བྱ་ཡུལ་གསར་པར་སྤོས་པས། མི་སེར་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཀྲང་ཁུན་ལིན་གྱིས་ཤོད་ཀྱི་འདུག
ཧྲུའུ་ཅི་ཀྲང་ཁུན་ལིན་གྱི་ངོ་སྤྲོད་ཉན་རྗེས་ང་ཚོས་གནས་སྤོས་ཐེངས་གཉིས་བྱས་པའི་མོན་པར་ཤེས་རྟོགས་བྱེད་འདོད་དེ་བས་ཆེ་རུ་ཕྱིན་ནས་དངོས་སུ་ལྟ་བར་འགྲོ་འདོད་ཆེན་པོ་བྱུང་།
ཕད་ལུང་མོན་པའི་དེ་སྔའི་འཚོ་བ།
རྒྱལ་ལམ་318དང་བར་ཐག་སྨི་བཅུ་ལྷག་ཙམ་ལས་མེད་པའི་པད་མ་སྟེང་གྲོང་ཚོར་གསར་འགོད་པར་ལོ་60ལྷག་ཙམ་ཟིན་པའི་རྒད་པོ་ཚེ་རིང་དོན་གྲུབ་ཐུག་བྱུང་།
ཕ་ཡུལ་སི་ཁྲོན་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་ནས་ཡིན་པའི་ཚེ་རིང་དོན་གྲུབ་ལོ་9ལ་སླེབས་སྐབས་ནང་མི་དང་མཉམ་དུ་ཕད་ལུང་དུ་ཡོང་ནས་དེར་གཞིས་ཆགས།
སྐབས་དེའི་ཕད་ལུང་སྐོར་བརྗོད་སྐབས་ཚེ་རིང་དོན་གྲུབ་ཀྱིས“སྐབས་དེ་དུས་འཚོ་བ་དངོས་གནས་སྐྱོ་པོ་རེད”ཅེས་མགོ་གཡུག་གཡུག་བྱས་ནས་བཤད།
འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་སྐབས་དེ་དུས་ཕད་ལུང་ནས་ཕྱིར་སྐྱོད་མཁན་ཧ་ཅང་ཉུང་ཉུང་རེད། མོན་པ་ཡང་ཕྱི་བཀག་ནང་སྡོམ་གྱི་ཁོར་ཡུག་ནང་འཚོ་བ་སྟབས་བདེ་ཞིག་སྐྱེལ་རྒྱུར་གོམས་ཡོད། འོན་ཀྱང་ཕད་ལུང་དུ་སླེབས་མ་ཐག་པའི་ཚེ་རིང་ཐོན་གྲུབ་ཀྱི་ངོས་ནས་བརྗོད་ན། འཚོ་བ་དེ་འདྲ་སྐྱེལ་བར་དངོས་གནས་དཀའ་ལས་ཁག་པོ་ཡོད།
“ཁོང་ཚོར་གྱོན་ཆས་ཀྱང་མེད་པར་ལུས་པོར་འདོམས་རས་ཤིག་དཀྲིས་ནས་སྡོད་ཀྱི་འདུག”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད།
ཁོང་གིས་གསར་འགོད་པར་སྐབས་དེ་དུས་བོད་རིགས་མང་ཚོགས་རྣམས་སྔ་ས་ནས་པགས་ཚགས་གྱོན་རྒྱུ་ཡོད། འོན་ཀྱང་ཕད་ལུང་གི་མོན་པའི་ལུས་ལ་དཀྲིས་པའི་རས་དེ་ཉིན་མོར་གྱོན་གོས་དང་དགོང་མོར་ཉལ་ཆས་བྱེད་ཀྱི་འདུག་ཅེས་བཤད་བྱུང་།
མོན་པའི་ཕོ་གསར་བསྟན་འཛིན་རྡོ་རྗེའང་སྐབས་དེའི་འཚོ་བ་བརྒྱུད་མྱོང་མཁན་ཞིག་རེད། ཁོང་གི་ངོས་ནས་བརྗོད་ན་དཀའ་ལས་ཁག་ཤོས་ནི་འགྲིམ་འགྲུལ་སྟབས་བདེ་མེད་པ་དེ་རེད། ལོ་ལྟར་ལོ་གསར་གཏོང་སྐབས་བསྟན་འཛིན་རྡོ་རྗེ་བར་ཐག་སྤྱི་ལི་40ཡི་སར་ཡོད་པའི་རྒྱལ་ལམ་318ཉེ་འགྲམ་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་འགྲོ་དགོས་ཀྱི་ཡོད། དེ་ནི་ཁོང་གིས་རེ་སྒུག་ཆེ་ཤོས་དང་སེམས་ཁྲལ་ཆེ་ཤོས་བྱེད་ས་ཞིག་རེད། རེ་སྒུག་བྱེད་པ་ནི་ཕྱི་རོལ་གྱི་བྱ་དངོས་མཐོང་ཐུབ་པས་ཡིན་པ་དང་སེམས་ཁྲལ་བྱེད་པ་ནི་ལམ་བུར་ཉེན་ཁ་ཆེ་བས་རེད།
“ཞོགས་པ་ཆུ་ཚོད་6པ་ནས་ཐོན་ཏེ་ངལ་གསོ་གཏན་ནས་མི་རྒྱག་པར་ཕྱིན་ཚེ་ཕྱི་དྲོའི་ཆུ་ཚོད་6པ་ཙམ་ལ་ཕྱིར་སླེབས་ཀྱི་འདུག”ཅེས་བསྟན་འཛིན་རྡོ་རྗེས་བཤད་ཅིང་། ཉེ་འགྲམ་དུ་ཡོད་པའི་ཀྲང་ཁུན་ལིན་གྱིས“མགྱོགས་པོ་དེ་འདྲ་སླེབས་པ་ནི་ཁོང་ཚོ་གཟུགས་པོ་ཡག་པོ་ཡོད་པས་རེད། གཟུགས་པོ་ཡག་པོ་མེད་ན། མ་མཐར་ཡང་ཉིན་མཚན་གཉིས་འགོར་གྱི་རེད”ཅེས་བཤད།
ལོ་53ལ་སླེབས་པའི་བསྟན་འཛིན་རྡོ་རྗེའི་བྱིས་དུས་ཀྱི་འདས་དོན་བརྗེད་དཀའ་བ་ནི་ལམ་བཟོ་བ་དེ་རེད། “ས་གཤིས་ཀྱི་གྲུབ་ཆ་དང་རང་བྱུང་ཁོར་ཡུག་གིས་རྐྱེན་པས། དེ་སྔོན་ང་ཚོས་ལོ་ལྟར་ལམ་བཟོས་ཀྱང་། ལོ་ལྟར་ཞིག་འགྲོ་གི་ཡོད”ཅེས་བསྟན་འཛིན་རྡོ་རྗེས་བཤད། ཁོང་གིས་སྐབས་དེ་དུས་གྲོང་ཚོའི་ངལ་ནུས་སྟོབས་ཆེན་གྱིས་ལོ་རེའི་ཟླ་བ་བཞི་པ་ལྔ་པ་ནས་ལམ་བཟོ་འགོ་བཙུགས་ན། ཟླ་བ་བཅུ་པར་གཞི་ནས་ལམ་སྟབས་བདེ་ཞིག་བཟོ་ཐུབ་ཀྱི་ཡོད། ཡིན་ནའང་། ཕྱིར་འཚོ་བའི་མཁོ་ཆས་ཉོ་བར་བསྐྱོད་མ་ཐག་ལམ་སླར་ཡང་ཆད་ཀྱི་ཡོད་ཅེས་བཤད།
ཁང་པ་ཐེངས་དང་པོ་སྤོས་པ་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ།
2000ལོར་གློ་བུར་དུ་ཐོན་པའི་ཆུ་ལོག་ཅིག་ལས་ཕད་ལུང་གི་མོན་པའི་ལྷིང་འཇགས་ཀྱི་འཚོ་བ་དེ་དཀྲུགས།
སྲིད་གཞུང་གིས་ཚང་མ་སྤོ་དགོས་ཟེར་བས། ཕྱི་རོལ་ཡུལ་གྱི་གནས་ཚུལ་མ་ཤེས་པའི་ཕད་ལུང་གི་མོན་པ་ཚོས་གཏན་འབེབས་དེ་ཐོས་མ་ཐག་ཁས་ལེན་འདོད་བྱེད་ཀྱི་མེད།
ཕད་ལུང་གི་ས་བབ་དམའ་བར་བརྟེན། ཞིང་དུ་ལོ་གཅིག་ལ་ལོ་ཏོག་ཐེངས་གསུམ་འདེབས་ཐུབ་པ་དང་། ཕྱིར་སྤོས་རྗེས་དགུན་ཚང་དུ་ཞིང་དུ་ལོ་ཏོག་ཐེངས་གཅིག་ལས་འདེབས་མི་ཐུབ་པས། ཁོང་ཚོས་འབྲུ་རིགས་འདང་མིན་ཐད་སེམས་ཁྲལ་བྱེད་ཀྱི་ཡོད།
དེར་བརྟེན་ཁོང་ཚོས་ད་དུང་ཆེད་མངགས་འཐུས་མི“རྟོག་ཞིབ”བྱེད་པར་བཏང་། སྲིད་གཞུང་གིས་ཁོང་ཚོར་སྡོད་ཁང་གསར་པ་གྲལ་ལྟར་འགྲིག་པོ་བརྒྱབ་པ་དང་། ཁོད་སྙོམས་ཤིང་ས་རྒྱུ་གཤིན་པའི་ཞིང་ཁ་བགོས་པ་མཐོང་སྐབས་ཁོང་ཚོ་བློ་བདེ་མོར་གྱུར།
བསྟན་འཛིན་རྡོ་རྗེས“ཁང་པ་སྤོས་ནས་དངོས་གནས་ཡག་པོ་བྱུང་འདུག ཁང་པ་སྤོས་པར་འགྱོད་པ་སྤུ་ཙམ་ཡང་མི་འདུག”ཅེས་དང་། ཁོང་གིས་དེ་སྔོན་ཕད་ལུང་དུ་ང་ཚོ་ནང་མི་བརྒྱད་ལ་ས་ཞིང་མུའུ་བརྒྱད་ལས་མེད། ད་ཆ་ངའི་ནང་མི་བཞིར་ས་ཞིང་མུའུ་24བགོས་བྱུང་ལ། ཕད་ལུང་དུ་ང་ཚོ་ཐོག་པང་དམའ་བའི་པང་ལེབ་ཁང་པ་གོག་ཧྲུལ་ཞིག་ཏུ་སྡོད་ཀྱི་ཡོད། ཡིན་ནའི་ད་ཆ་གུ་ཡངས་ཤིང་དཀར་ཆ་དོད་པའི་སོ་ཕག་དང་རྫ་གཡམ་གྱི་ཁང་པར་སྤོ་རྒྱུ་བྱུང་སོང་ཞེས་བཤད།
དངོས་པོའི་ཆ་རྐྱེན་ལ་འགྱུར་ལྡོག་སོང་བ་ཙམ་མ་ཟད། མོན་པའི་སྤྱི་ཚོགས་གནས་བབ་ཀྱང་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། འདེམས་བསྐོ་བྱས་པ་བརྒྱུད་བསྟན་འཛིན་རྡོ་རྗེ་ཉིང་ཁྲི་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང་། འདི་ལོ་ཉིང་ཁྲི་རྫོང་འདི་ཉིད་ཆུས་སུ་བསྒྱུར་རྗེས། སླར་ཡང་བྲག་ཡིབ་ཆུས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གྱུར།
བསྟན་འཛིན་རྡོ་རྗེས“ང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པས། གཞི་རིམ་མང་ཚོགས་ཀྱི་ཚབ་ཞུས་ནས་གྲོས་འགོ་བཏོན་པས། འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་དོན་འཁྱོལ་བྱས་བྱུང” 2009ལོར་ངས་ཕད་ལུང་གི་འགྲོ་ལམ་གང་མགྱོགས་ཉམས་བཟོ་བྱས་ནས་རྦད་དེ་སྤོས་ཚར་མེད་པའི་མོན་པར་སྟབས་བདེ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པས་མགྱོགས་མྱུར་དོན་འཁྱོལ་བྱས་བྱུང་ཞེས་ང་ཚོར་བཤད་བྱུང་།
བསྟན་འཛིན་རྡོ་རྗེས“ང་ཚོ་མོན་པ་རིགས་ཀྱི་སློབ་མ་ཆུང་རྒྱུགས་དང་། འབྲིང་རྒྱུགས། མཐོ་རྒྱུགས་བཅས་དང་། ཐ་ན་གཞུང་ཞབས་པའི་རྒྱུགས་ལེན་ནང་ཞུགས་སྐབས་ཀྱང་དམིགས་བསལ་གྱི་སྐར་མ་སྣོན་གྱི་ཡོད” ཉིང་ཁྲི་རྫོང་གིས་གཞི་རིམ་གྱི་ཕུལ་བྱུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞུང་ཞབས་པར་ཐེངས་དང་པོ་སྒྱུར་སྐབས་རྫོང་དེ་ཡོངས་སུ་མིང་སྐལ་གཉིས་ལས་མེད་པའི་ནང་མོན་པ་རིགས་ལ་གཅིག་སྤྲད་ཡོད་ཅེས་བཤད།
“སྲིད་གཞུང་གིས་རྟག་ཏུ་ང་ཚོ་མོན་པ་རིགས་ལ་མཐོང་ཆེན་པོ་བྱེད་པ་དང་གཟིགས་སྐྱོང་ཆེན་པོ་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་རྡོ་རྗེས་གད་མོ་དགོད་བཞིན་བཤད།
ཚེ་རིང་དོན་གྲུབ་ཀྱིས་ཀྱང་མོན་པ་རིགས་ཀྱི་བུ་མོ་ཞིག་མནའ་མར་བླངས་ཤིང་། ད་ཆ་ཁོང་གཉིས་ལ་ཕྲུ་གུ་བུ་གཉིས་ཡོད།
ཚེ་རིང་དོན་གྲུབ་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོ་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཐུགས་ཁུར་གནང་གི་ཡོད། དེར་བརྟེན་ང་ཚོས་དཀའ་སྤྱད་ལས་བརྩོན་བྱས་ཚེ། འཚོ་བ་ཇེ་ཡག་ཏུ་འགྲོ་སྲིད”ཅེས་གད་མོ་དགོད་བཞིན་བཤད།
ཁང་པ་ཐེངས་གཉིས་པ་སྤོས་ནས་འབྱོར་འབྲིང་ལམ་དུ་སྐྱོད་པ།
2011ལོར་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ལས་གྲྭའི་རྣམ་གྲངས་ཡིན་པའི་རྡོ་ཕུར་ཆུ་གློག་ས་ཚིགས་དགུན་ཚང་དུ་བསྐྲུན་རྒྱུ་གཏན་འཁེལ་བྱས་སྟབས། ཁང་པ་སྤོ་དགོས་པའི་གྲོང་ཚོ་ཁྱོན་4ཡོད་པ་དེའི་ནང་གསུམ་ནི་མོན་པ་རིགས་འདུས་སྡོད་གྲོང་ཚོ་ཡིན་པ་དང་མོན་གྲོང་གྲོང་ཚོ་ནི་དེའི་གྲས་ཤིག་རེད།
“ང་ཚོ་ས་ཆ་འདིར་འདྲིས་ཚར་བས། སླར་ཡང་སྤོ་འདོད་མི་འདུག”ཅེས་མོན་གྲོང་གྲོང་ཚོའི་གྲོང་མིས་སྤོ་འདོད་བྱེད་ཀྱི་མེད། དེར་བརྟེན། མོན་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་བསྟན་འཛིན་རྡོ་རྗེས་གྲོང་མིའི་ཚབ་བྱས་ཏེ་ཁང་པ་སྤོ་ཡུལ་གསར་པ་སྟེ། ཨོ་རོང་ལུང་པའི་ཉེ་འགྲམ་གྱི་ཐང་སྡེར་དུ་ལྟ་བར་ཕྱིན།
ཚུར་ལོག་རྗེས་བསྟན་འཛིན་རྡོ་རྗེས་གྲོང་མིར་བསམ་བློའི་སློབ་གསོ་བརྒྱབ་ནས་རྡོ་ཕུར་ཆུ་གློག་ས་ཚིགས་ནི་རྣམ་གྲངས་ཆེན་པོ་ཞིག་ཡིན་པས། བསྐྲུན་རྗེས་ཐག་རིང་ལུང་ཁུག་ས་ཁུལ་ཁ་ཤས་ཀྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། ང་ཚོའི་ད་ལྟའི་འཚོ་བ་སྐྱོ་པོ་ཡོད་པས། དེ་ནི་སྲིད་གཞུང་གིས་ང་ཚོ་དགུན་ཚང་དུ་སྤོས་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱས་པས། ང་ཚོས་ཀྱང་སྲིད་གཞུང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། དེར་མ་ཟད་གནས་སྤོ་བྱ་ཡུལ་གྱི་ཆ་རྐྱེན་ཧ་ཅང་ཡག་པོ་འདུག་ལ། ས་ཁོད་ཀྱང་སྙོམས་ཟིན་པ་མ་ཟད་ཁང་པའང་བསྐྲུན་འགོ་ཚུགས་འདུག་ཅེས་བཤད།
བསྟན་འཛིན་རྡོ་རྗེ་དང་ཤང་གི་ལས་བྱེད་པ་ཚོའི་ཁ་ཏ་ཉན་རྗེས་མོན་གྲོང་གྲོང་ཚོའི་གྲོང་མིས་རེས་སྐོར་གསར་པའི་ཁང་པ་སྤོ་འགོ་ཚུགས།
ད་ཆ་ཁང་པ་སྤོ་ཡུལ་དུ་ཁང་པ་རྒྱག་པའི་དུས་མཚམས་སུ་སླེབས་ཡོད་པ་དང་། འཆར་འགོད་ལྟར་ན་བསྟན་འཛིན་རྡོ་རྗེའི་ཁྱིམ་ལ་སྨི་ངོས་གྲུ་300ལྷག་ཙམ་གྱི་ཁང་པ་ཆེན་པོ་ཞིག་རག་གི་ཡོད་སྟབས། ཁོང་གིས“མོན་གྲོང་གྲོང་ཚོའི་སྨི་ངོས་གྲུ་90ཡོད་པའི་སོ་ཕག་ཁང་པ་རྙིང་པ་ལས་ལྡབ་ཀྱིས་ཡག་པ་དང་། གོ་ཐོས་ལ་ས་ཡོམ་འགོག་ཐུབ་ཀྱི་ཡོད་པས། ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད།
དེར་མ་ཟད་རྡོ་ཕུར་ཆུ་གློག་ས་ཚིགས་བསྐྲུན་རྗེས། མོན་གྲོང་གྲོང་ཚོའི་རྨོ་ཞིང་ཁག་གཅིག་ཀྱང་ཆུས་བསྣུབས་རྐྱེན། སྲིད་གཞུང་གིས་དེ་མཚུངས་ཀྱི་ཁ་གསབ་སྤྲད་འདུག
བསྟན་འཛིན་རྡོ་རྗེས“ད་ཐེངས་ཁང་པ་སྤོས་པས། ང་ཚོའི་ཁྱིམ་ཁོ་ནར་ཁ་གསབ་དངུལ་སྒོར་ཁྲི་40ལྷག་ཙམ་རག་བྱུང”ཞེས་བཤད།
ཁང་པ་ཐེངས་གཉིས་པ་སྤོས་རྗེས་མོན་པ་གྲོང་ཚོའི་གྲོང་ཚོ་དེར་རེ་བ་དེ་བས་མང་བ་སྦྱིན་ཞིང་། བསྟན་འཛིན་རྡོ་རྗེས“ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་གྲབས་ཡོད་པས། ཨོ་རོང་ལུང་ཤུར་རུ་སྤོས་རྗེས་ངས་གྲོང་མིའི་སྣེ་ཁྲིད་དེ་མོན་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་གྲོང་ཚོ་ཞིག་བསྐྲུན་ནས། ཡུལ་སྐོར་བ་དེ་བས་མང་བ་མོན་པ་རིགས་ཀྱི་རིག་གནས་ཉམས་སུ་མྱོང་བ་དང་། མོན་པའི་ལྷ་མོ་ལྟ་བ། མོན་པའི་ཞིམ་ཟས་མྱོང་བ་བཅས་ལ་ཡིད་དབང་འགུག་རྒྱུ་ཡིན”ཞེས་བཤད།
ཧྲུའུ་ཅི་ཀྲང་ཁུན་ལིན་གྱིས་གསར་འགོད་པར། མི་སེར་ཚོར་ཡུལ་སྐོར་ལས་རིགས་ལས་ཡོང་འབབ་རག་པ་བྱ་རྒྱུ་མ་ཟད། དགུན་ཚང་མོན་པ་མི་རིགས་ཤང་གི་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་ཁྱད་ལྡན་འདེབས་འཛུགས་ཀྱི་ཐབས་ལམ་སྔ་ཕྱི་བར་གསུམ་དུ་འཚོལ་ཞིབ་བྱས་པ་དེའི་ནང་འབྲི་ཏ་ས་འཛིན་དང་སྡོང་ཕུང་འདེབས་འཛུགས་བྱས་པར་ཕན་འབྲས་བཟང་པོ་ཐོན་ནས་ལོ་ལྟར་ཤང་དེ་ཡོངས་ཀྱི་མི་སེར་ལ་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་ཡོང་གི་ཡོད་ཅེས་བཤད།
“ཕྱིས་འབྱུང་ཁང་པ་སྤོས་རྗེས་ང་ཚོའི་རེ་བར་མི་སེར་ཚོས་ཁྱད་ལྡན་འདེབས་འཛུགས་དང་ཡུལ་སྐོར་ཞབས་ཞུར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་ཀྱི་ཡོད”ཅེས་ཀྲང་ཁུན་ལིན་གིས་བཤད། ཁ་གྱེས་ཁར་བསྟན་འཛིན་རྡོ་རྗེས་ཆེད་མངགས་མོན་པ་རིགས་ཀྱི་གྱོན་ཆས་བརྗེས་ནས་བཅར་འདྲི་ཚོགས་ཆུང་དང་བཅས་པར་ཁ་བཏགས་གཡོགས་ཏེ“རྗེས་སུ་ཁྱེད་ཚོ་ཕེབས་སྐབས་ང་ཚོའི་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་འགྲོ་ངེས་རེད”ཅེས་ཤོད་ཀྱི་འདུག
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣