དབུ་ཤོག>གསར་འགྱུར།
  • དུག་རྫས་དང་བྲལ་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས།​

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-29

    དེང་སྐབས་དུག་འཐེན་མཁན་ནི་འཛམ་གླིང་གང་སར་ཁྱབ་པས་དུག་རྫས་ལྐོག་འདྲེན་བྱེད་མཁན་ཡང་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བའི་གནས་སུ་གྱུར།དུག་རྫས་ནི་ཐད་ཀར་མིའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་པ་མ་ཟད་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཐད་ལའང་འགོག་རྐྱེན་ཆེན་པོ་བཟོ་བའི་རྒྱུ་ཞིག་རེད།ད་ཆ་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བའི་དུག་རྫས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་གོད་ཆག་ཏུ་གྱུར་ཡོད་ཅིང་།འཛམ་གླིང་ཐོག་རྒྱལ་ཁབ་སུ་ཞིག་ཀྱང་དུག་རྫས་ཀྱི་གནོད་འཚེ་ལས་ཡོངས་སུ་བྲལ་ཐུབ་པ་བྱུང་མེད།ལྷག་པར་དུ་ཉེ་ཆར།དུག་རྫས་ཀྱི་ཉེས་ཅན་པ་ལོ་ཆུང་བའི་ཕྱོགས་སུ་ཁྱབ་ཆེ་བར་འགྲོ་བ་དང་གཞོན་ནུ་ལོ་ཆུང་མི་ཉུང་བ་ཞིག་དུག་རྫས་ཀྱི་ངོ་བོ་མ་ཤེས་པ་དང་ཡ་མཚན་གྱི་བློ་སྐྱེས་ཏེ་དུག་འཐེན་པ་ནི་“དར་སོ”འམ་“ལོངས་སྤྱོད”ཞིག་ཏུ་འཛིན་ཏེ་མཐར་རང་དབང་མེད་པར་རང་ཉིད་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་གི་ཡོད་པ་རེད།

    གཞོན་ནུ་ལོ་ཆུང་ཚོ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བྱ་གཞག་འཛུགས་སྐྲུན་དང་རྒྱུན་འཛིན་བྱེད་མཁན་ཡང་ཡིན།ཏང་དང་སྲིད་གཞུང་གིས་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པ་རེད།ཡིན་ནའང་ཉེ་བའི་ལོ་ཤས་ནང་གཞོན་ནུ་ལོ་ཆུང་ཚོས་ཡིད་སྨོན་བྱ་ཡུལ་འཁྲབ་སྟོན་པ་དང་གླུ་གཞས་མཁས་ཅན་མི་ཉུང་བ་ཞིག་ལྐོག་ཏུ་ཁྲིམས་འགལ་ངང་དུག་རྫས་འཐེན་པར་ལད་མོ་བྱས་ཏེ་མཐར་རང་ཉིད་ལོ་ཆུང་དོ་དམ་དང་སློབ་གསོ་བཀག་ཉར་ཁང་དུ་ཚུད་ཀྱི་ཡོད།གཞོན་ནུ་ལོ་ཆུང་ནི་ཕྱི་རོལ་འཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ་བ་དང་གང་དར་བ་དེའི་རྗེས་སུ་འགྲོ་སླ་བས་གཞོན་ནུ་ལོ་ཆུང་དུག་འཐེན་གྱི་ཉེས་ཅན་པ་མང་རུ་འགྲོ་བའི་གནས་ཚུལ་ཐོན་པས་སྤྱི་ཚོགས་དང་།ཁྱིམ་ཚང་།

    མི་སྒེར་བཅས་ཚང་མ་ལ་གནོད་འཚེ་ཆེན་པོ་དང་སྡུག་བསྔལ་ཆེན་པོ་བཟོ་བ་མ་ཟད་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཡང་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད་པ་རེད།

    དུག་རྫས་ནི་དངོས་པོ་གཞན་དང་མི་འདྲ་བར་“ལུས་ལ་ན་ཚ་དགོས་ན་ཁྱིའི་མཇུག་མ་རྡོག་རྩིས་གཏོང”ཞེས་པ་ལྟར་དུག་གི་གནོད་པ་ཚབས་ཆེན་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།དཔེར་ན།ཅང་ཤིས་ཞིང་ཆེན་གྱི་དུག་འཐེན་མཁན་གྲས་སུ་ལོ་ཆུང་ཤོས་ནི་ལོ་14ལས་ཟིན་གྱི་མེད།དེང་སྐབས་གཞོན་ནུ་ལོ་ཆུང་གིས་དུག་འཐེན་པའི་རྣམ་པ་ཚབས་ཆེར་འགྲོ་ཞིང་།ན་ནིང་ནས་འགོ་བཙུགས་ཏེ་གཞོན་ནུ་ལོ་ཆུང་ལ་རྒྱུན་མཐུད་རྩད་གཅོད་བྱས་པ་བརྒྱུད“1990རྗེས་སུ་སྐྱེས་པའི”དུག་འཐེན་མཁན་མང་པོ་ཞིག་རྩད་ཆོད་ཐུབ་ཡོད།ཡང་དཔེར་ན།དེ་སྔོན་སྐད་གྲགས་ཅན་གྱི་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་འབྱོར་པ་ཅན་“རྒྱ་ཁོག་བུ་མོ་དང་པོ”ཅེས་བརྗོད་པའི་ལིས་ག་གེ་མོས་རང་ཉིད་ཀྱི་ཡ་མཚན་གྱི་བསམ་བློའི་འདོད་པ་སྐོང་ཕྱིར་མི་དགེ་བའི་དར་སོ་“དུག་འཐེན་རྒྱུར”བརྩོན་ཏེ་ད་ལྟ་ཆགས་ས་བརྟེན་སར་མེད་པར་སློང་མོ་བ་བཞིན་དུ་གྱུར་ཡོད་པ་རེད།

    སྨྱུག་འཛིན་པས་གཞོན་ནུ་ལོ་ཆུང་ཚོའི་ལས་དབང་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཡིན་ལ་གཞོན་ནུ་ཚོའི་མ་འོངས་ནི་རྒྱལ་ཁབ་ཀྱི་མ་འོངས་ཀྱང་ཡིན།“ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྗས་སྔོན་འགོག་བྱེད་དགོས”པ་ནི་ང་ཚོས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པའི་དམ་བཅའ་ཡིན།ང་ཚོས་དུས་དང་རྣམ་པ་ཀུན་དུ་རིག་པ་དྭངས་གསལ་ངང་མི་དགེ་བའི་བསླུ་བྲིད་ལ་གཡོལ་ནས་།དར་སོ་དང་ཡ་མཚན་བསམ་བློར་ལྟ་བ་ཡང་དག་འཛིན་པ་དང་གཞོན་ནུ་ལོ་ཆུང་ལ་དུག་རྫས་སྔོན་འགོག་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱབ་ནས་གཞོན་ནུ་ལོ་ཆུང་གིས་དུག་རྫས་ངོས་འཛིན་དང་དུག་སྔོན་འགོག་གི་འདུ་ཤེས་མཐོ་རུ་བཏང་ནས་ཁོང་ཚོར་དུག་འཐེན་པའི་བྱ་སྤྱོད་བསམ་པ་ཁྱོན་ཡོངས་བཀག་འགོག་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།