དབུ་ཤོག>གསར་འགྱུར།
  • སྨན་གླིང་རྫོང་ཕད་གྲོང་རྡལ་གྱིས་འདུ་ཤེས་བསྒྱུར་པས་ཕྱུག་འགྱུར་ལམ་བུ་ཡངས་པོར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-25

    210754_yis_1442544577307.jpg

    འདི་ནི་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་མང་ཚོགས་ནོར་བུ་དབང་འདུས་ཀྱིས་རང་ཁྱིམ་གྱི་རྐོ་འདྲུའི་འཕྲུལ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    ཧི་མ་ལ་ཡའི་བྱང་འདབས་ཀྱི་ལུང་ཤུར་ནས་ཤར་ངོས་སུ་བསྐྱོད་ན། ཡར་ཀླུང་གཙང་པོ་དེ་ཉིད་ཉིང་ཁྲི(ད་ལྟའི་བྲག་ཡིབ་གྲོང་ཁུལ)དང་། སྨན་གླིང་། མེ་ཏོག སྤོ་བོ་བཅས་རྫོང་བཞིའི་འབྲེལ་མཚམས་ནས་ཐད་ཀར་ལྷོ་ངོས་སུ་རྒྱུགས་ནས་འཛམ་གླིང་ཐོག་གི་གྲོག་རོང་ཆེན་མོ་ཨང་དང་པོ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དེ་ཆགས་ཡོད།

    མཛེས་སྡུག་ཡིད་དུ་འོང་བའི་གྲོག་རོང་དང་སྤྲིན་གསེབ་ཀྱི་ཁྲོད་དུ་གནས་པའི་རི་བོ་གནམ་ལྕགས་འབར་བའི་འོག་ཏུ་གང་སར་སྐད་གྲགས་ཆོད་པའི་ཕད་གྲོང་རྡལ་ཆགས།

    1959ལོའི་ཟླ་བརྒྱད་པར་སྨན་གླིང་རྫོང་བཙུགས་པ་དང་ཆབས་ཅིག ཕད་ཆུས་ཀྱང་བཙུགས་ནས་དེའི་གཤམ་འོག་ཏུ་ཕད་ཤང་དང་རྟ་ཐོག་ཁ་གྲོང་ཚོ་སོགས་ཡོད། 1987ལོར་ཆུས་གཏོར་ཤང་འཛུགས་སྐབས་དེ་སྔའི་ཕད་ཤང་དང་། རྟ་ཐོག་ཁ་ཤང་། ཟུར་གསུམ་ཤང་བཅས་ཟླ་སྒྲིལ་བཏང་ནས་ཕད་ཤང་བཙུགས། 2000ལོར་ཕད་ཤང་ཕད་གྲོང་རྡལ་དུ་བསྒྱུར།

    2015ལོའི་ཟླ་5པར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་བཅར་འདྲིའི་ཚོགས་ཆུང་དང་བཅས་པ་ཡར་ཀླུང་གཙང་པོའི་ཤར་ངོས་ནས་ཆར་སིམ་ཁྲོད་ཕད་གྲོང་རྡལ་དུ་བསྐྱོད་དེ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་འཇུག་སྒོར་ཆགས་ཤིང་། ཡུལ་སྐོར་ཕྱོགས་སྟོན་སྣ་ཚོགས་དང་བོད་ཀྱི་ཡུལ་སྐོར་དྲ་ངོས་ཀྱི་གནས་མཆོག་དེ་འཚོལ་བར་བསྐྱོད།

    འདུ་ཤེས་བསྒྱུར་ནས་ཁྱིམ་ཚང་མགྲོན་ཁང་བཙུགས་པས་འབབ་འཕར་བྱུང་བ།

    ཕད་གྲོང་རྡལ་ནི་མེ་ཏོག་ཏུ་བསྐྱོད་པའི་ལམ་བར་གྱི་དངོས་ཟོག་མཁོ་སྤྲོད་ས་ཚིགས་དང་ངལ་གསོ་ཡུལ་མཐའ་མ་དེ་ཡིན་ལ། གནམ་ལྕགས་འབར་བའི་མཛེས་ལྗོངས་ཉམས་སུ་མྱོང་ཡུལ་ཡག་ཤོས་དེའང་ཡིན་པ་དང་། སྒང་ཕད་གཞུང་ལམ་གཙང་པོའི་ངོགས་སུ་གནས་ཡོད།

    འགྲིམ་འགྲུལ་སྟབས་བདེ་དང་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ནས་ཕད་གྲོང་རྡལ་དུ་གསོན་ཤུགས་བསྣན།

    བཅར་འདྲིའི་ཚོགས་ཆུང་དང་བཅས་པ་ཕད་གྲོང་རྡལ་དུ་འབྱོར་སྐབས། ཉིན་དགུང་ཆུ་ཚོད་དང་པོ་ལྷག་ཙམ་ཡིན་པ་དང་། རྐང་ཐང་མར་མེ་ཏོག་ཏུ་སྐྱོད་མཁན་ཡུལ་སྐོར་བ་དང་གནམ་ལྕགས་འབར་བ་དང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཉམས་སུ་མྱོང་མཁན་ཡུལ་སྐོར་བ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་འདི་གར་འཛོམས་ཏེ་ཧ་ཅང་འཁྲུག་ཆ་དོད།

    དགའ་སྤྲོ་འཁོལ་བ་དང་རེ་སྒུག་ཆེན་པོའི་རྐྱེན་གྱིས། ང་ཚོས་ལྟོ་ཆས་ཀྱང་མ་ཟོས་པར་ཀྲེན་ཀྲང་གཞོན་པ་པ་ཚེའི་སྣེ་ཁྲིད་འོག་གྲི་སྦས་གྲོང་ཚོའི་ཡུལ་མི་ངག་དབང་འཇིགས་མེད་ཀྱིས་བཙུགས་པའི་ཁྱིམ་ཚང་མགྲོན་ཁང་དུ་བསྐྱོད།

    2001ལོར་ངག་དབང་འཇིགས་མེད་དམག་ཁོངས་ནས་ཕ་ཡུལ་དུ་ལོག་རྗེས། ཡུལ་སྐོར་ལས་རིགས་དར་རྒྱས་ཆེན་པོ་འགྲོ་བ་མཐོང་སྐབས། ཁོང་གིས་ཉིང་ཁྲིར་ལས་ཀར་འགྲོ་བའི་གོ་སྐབས་དོར་ནས་ཕ་ཡུལ་དུ་ལོག་ནས་བེ་ཤ་དང་། དབྱར་རྩྭ་དགུན་འབུ། བོད་ཕག་སོགས་ཡུལ་ཟོག་གི་ཚོང་བརྒྱབ་པས་ལོ་དང་པོ་ཁོ་ནར་སྒོར་ཁྲི་6ལྷག་ཙམ་བྱུང་། ཕད་གྲོང་རྡལ་དུ་ཡུལ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ངག་དབང་འཇིགས་མེད་ཀྱིས་ཟ་ཁང་ཡང་བཙུགས་པ་རེད།

    “ངའི་ཟ་ཁང་གི་ཁ་ལག་གཙང་ལ་བྲོ་བ་ཞིམ་ཁར། ཕོན་ཆེན་པོ་ཡོད་པས། འདི་གར་ཁ་ལག་ཟ་བར་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད” ལྷག་བསམ་ཟོལ་མེད་ངང་ཚོང་གཉེར་བྱས་པས། ངག་དབང་འཇིགས་མེད་ཀྱི་ཟ་ཁང་གི་ཚོང་ཡང་ཇེ་ཡག་ཏུ་འགྲོ་བཞིན་འདུག

    ཡུལ་སྐོར་ལས་རིགས་གོང་འཕེལ་དུ་སོང་བ་དང་བསྟུན་ནས། ཕད་གྲོང་རྡལ་དུ་ལྟ་སྐོར་དུ་ཡོང་མཁན་ཡང་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག ངག་དབང་འཇིགས་མེད་ཀྱི་ཁྱིམ་གནས་སའི་གྲི་སྦས་གྲོང་ཚོ་ཡང་འཁྲུག་ཏུ་སོང་བས། ཚོང་ལས་ཀྱི་བློ་གྲོས་ལྡན་པའི་ངག་དབང་འཇིགས་མེད་ལ་སླར་ཡང་ཚོང་གི་གོ་སྐབས་གསར་པ་ཞིག་རྙེད།

    “ཁྱིམ་ཚང་མགྲོན་ཁང་གཉེར་ཚེ་དངུལ་གསོག་ཐུབ་ལ་ཁྱིམ་ལའང་ལྟ་སྐྱོང་བྱེད་ཐུབ་པས། གཅིག་གོ་གཉིས་ཆོད་ཀྱི་དོན་དེར་ཅིའི་ཕྱིར་དགའ་པོ་མི་བྱེད་དམ”ཞེས་ངག་དབང་འཇིགས་མེད་ཀྱིས་བཤད།

    2013ལོར་ངག་དབང་འཇིགས་མེད་ཀྱིས་ཚོང་བྲིན་པའི་ཟ་ཁང་དེ་ནང་བཤུག་བྱས་ཏེ། རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་40བཏང་ཁར་དངུལ་ཁང་ནས་སླར་ཡང་དངུལ་བུན་སྒོར་ཁྲི་8ཀྱི་སྐྱེད་མེད་དངུལ་བུན་གཡར་ནས། རང་ཁྱིམ་གྱི་ཁང་པ་བསྐྱར་སྐྲུན་བྱས་ཏེ། ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། རྒྱ་ཁྱོན་སྨི་ངོས་གྲུ་2000ཟིན་པའི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་ཁོ་ན་60ཡོད་པ་དང་ཆབས་ཅིག ད་དུང་ཡུལ་སྐོར་བར་རླངས་འཁོར་འཇོག་ས་དང་། བཟའ་བཏུང་། རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། 2014ལོ་ཁོ་ནར་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་12རག་པ་དང་། ཡུལ་སྐོར་བ་མི་ཐེངས་1000ལྷག་ལ་སྣེ་ལེན་ཞུས་པ་རེད།

    “ད་ཆ་ཡོང་འབབ་བཟང་བོ་འདི་འདྲ་དང་འཚོ་བ་ཡག་པོ་འདི་འདྲ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན”ཞེས་ངག་དབང་འཇིགས་མེད་ཀྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

    ད་ལོའི་ཟླ་3པར་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཅུང་ལེགས་པའི་གྲི་སྦས་དང་། ཟུར་གསུམ། རྟ་ཐོག་ཁ་སོགས་གྲོང་ཚོར་WiFiཡོངས་སུ་ཁྱབ་པ་དང་ཡུལ་སྐོར་བ་ཡང་སྔར་བས་མང་དུ་སོང་ཡོད། ཡུལ་སྐོར་ཉུང་དུས་སྒོར་100དང་ཡུལ་སྐོར་རྒྱས་དུས་སྒོར་200ཡིན་པའི་མཛེས་ལྗོངས་ལྟ་རོལ་ཁང་པར་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཅིང་། སྒེའུ་ཁུང་ཕྱེ་ཚེ་གནམ་ལྕགས་འབར་བའི་ཡུལ་ལྗོངས་ལ་རོལ་ཐུབ།

    ཡུལ་སྐོར་བར་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད། ཉེ་ཆར་ངག་དབང་འཇིགས་མེད་ཀྱིས་ཁྱིམ་ཚང་མགྲོན་ཁང་ལ་རྒྱན་སྤྲོས་བྱེད་པ་དང་། ཁང་མིག་རེར་གསང་སྤྱོད་དང་འཁྲུད་ཁང་སོགས་ཡོད།

    “ད་ཆ་སྲིད་ཇུས་ཡག་པོ་འདི་འདྲ་ཡིན་པས་འདུ་ཤེས་བསྒྱུར་བ་དང་ལས་སྒྲུབ་ཏན་ཏིག་བྱས་ཚེ་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ”ཅེས་ངག་དབང་འཇིགས་མེད་ཀྱིས་བརྗོད་བྱུང་།

    ཐབས་ལམ་རྒྱ་ཆེར་བཏང་ནས་དབོར་འདྲེན་གྱིས་ཕྱུག་འགྱུར་ལམ་བུ་བཏོད།

    ཕད་གྲོང་ཚོར་བཅར་འདྲི་བྱེད་སྐབས། མང་ཚོགས་ཀྱིས་ཤོད་མང་བ་ནི་ཏང་གི་སྲིད་ཇུས་བཟང་པོའི་སྐོར་རེད། ཉེ་བའི་ལོ་ཤས་ནང་ཏང་གི་སྲིད་ཇུས་བཟང་བོ་ལས་ཕད་གྲོང་རྡལ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་ཞིང་། ཁྱིམ་ཚང་མགྲོན་ཁང་ཁོ་ན་30ལྷག་ཙམ་ཡོད་པ་དང་། ན་ནིང་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་8000ལས་བརྒལ་ནས་ཡོང་འབབ་སྒོར་ཁྲི་20ལ་ཉེ་བ་བྱུང་ཡོད།

    འདི་ལོ་ལོ་46ལ་སླེབས་པའི་ལྷ་དབང་ནི་རྡོ་གཞོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། ལོ་འདི་དག་ནང་ཕད་གྲོང་རྡལ་ལ་འགྱུར་ལྡོག་ཅི་བྱུང་གི་མྱོང་ཚོར་ཟབ་མོ་ཁོང་ལ་བཤད་རྒྱུ་ཡོད།

    “དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོར་ངའི་ཁྱིམ་དུ་མི་མང་བས་ཉིན་རེའི་ལྟོ་གོས་ཀྱང་འཕྱིད་དཀའ”ཞེས་ལྷ་དབང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་དེ་དུས་ཐབས་ཤེས་མེད་པར་རང་ལོ་ཉི་ཤུ་གྲོལ་ཙམ་ནས་མེ་ཏོག་ཏུ་དོ་པོ་དབོར་མཁན་ལ་ཞུགས་པ་དང་། དབོར་ཐེངས་རེར་རྒྱ་མ་80དང་ཁལ་མ་རྒྱ་མ་140ལྷག་ཙམ་དབོར་དགོས། ཕར་ཚུར་འགྲོ་ཐེངས་རེར་ཉིན་ལྔ་དྲུག་འགོར་རིང་། ལམ་ཁར་གུར་ནང་སྡོད་པ་དང་ཟས་སུ་རྩམ་པ་བཟས་ནས་གྲོན་ཆུང་གང་དྲགས་བྱས་ཀྱང་ལོ་མཇུག་ཏུ་ལྷག་འཕྲོ་དེ་ཙམ་མང་པོ་ཡོང་གི་མེད་ཅེས་བཤད།

    དབུལ་བའི་དབང་གིས་འགྱུར་ལྡོག་གཏོང་དགོས་ཐུག་པ་དང་། འགྱུར་ལྡོག་བཏང་བས་དཀའ་བའང་ཡུན་གྱིས་བསལ། 2000ལོར་ལྷ་དབང་གིས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་10གཡར་བའི་ཁར། རང་ཉིད་ཀྱིས་གང་ས་ནས་སྒོར་ཁྲི་5གྲབས་པ་དག་སྤྱད་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་བྱས་ཏེ་རྡོ་གཞོང་གྲོང་ཚོའི་ཕྱུག་འགྱུར་བ་དང་པོར་གྱུར། ལོ་མཇུག་ཏུ་རྩིས་རྒྱག་སྐབས་ཁྱིམ་གྱི་འགྲོ་སོང་ཕུད་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད་པ་དང་། དེ་ནས་ལོ་གཉིས་པར་སྒོར་ཁྲི་བཞི་ལྔ་ཙམ་རག་སྟབས། སྔོན་མའི་སྡོད་ཁང་བཞའ་ཚན་ཆེ་ཁར་རྒྱ་ཆུང་བའི་ཁང་པ་རྙིང་པ་བསློགས་ནས་ཕྱི་ལུགས་བཟོ་ལྟ་མཛེས་པའི་ཉིས་ཐོག་ཅིག་བརྒྱབ་པ་དང་། ཁང་མིག་སྟོང་པ་དག་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་ཡང་བཙུགས།

    ལྷ་དབང་གི་ཕྱུག་འགྱུར་ཉམས་མྱོང་དེས་རྡོ་གཞོང་གྲོང་ཚོའི་ཡུལ་མི་རྣམས་ལ་རེ་བ་སྦྱིན། 2004ལོར་ཡུལ་མིའི་འདེམས་བསྐོའི་སྐབས་ལྷ་དབང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས། ལྷ་དབང་གིས་ཡུལ་མི་རྣམས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཁོང་གི་སྣེ་ཁྲིད་འོག་གྲོང་ཚོར་སྐྱེལ་འདྲེན་ལས་ཀ་བྱེད་མཁན་ཇེ་མང་དུ་ཕྱིན་ནས། ད་ཆ་གྲོང་ཚོར་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་7ཡོད་པ་དང་དུད་ཚང་8ཀྱིས་འཇིབ་ཆུང་ཉོས་ཡོད། གྲོང་ཚོའི་མཉམ་སྡེབ་ཀྱི་བྱེ་རྡོ་ར་བར་ལོར་ཡོང་འབབ་ཁྲི་10ལྷག་ཙམ་བྱུང་ནས། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་ཀྱང་དེ་སྔའི་སྒོར་3000ནས་ད་ལྟའི་སྒོར་9000ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    “ངལ་རྩོལ་ཡོངས་འབབ་ཕུད། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱང་མི་ཉུང་བ་ཞིག་ཡོད་དེ། སྣོད་བཅུད་ཁ་གསབ་མ་དངུལ་དང་མཐའ་མཚམས་གྲོང་མིའི་ཁ་གསབ་སོགས་བསྡོམས་ན་ལོ་རེར་ཁྲི་2ལྷག་ཙམ་ཡོད”ཅེས་ལྷ་དབང་གིས་དགའ་ཚོར་ཆེན་པོས་བཤད།

    “གོམ་སྟབས་རྗེས་མར་རྡོ་གཞོང་གྲོང་ཚོ་ཡུལ་སྐོར་སྐོར་ལམ་ཆེན་པོར་འཇུག་རྒྱུའི་རེ་བ་ཡོད། དེ་ལྟར་བྱུང་ཚེ་ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་མི་ཚང་མས་ཡུལ་སྐོར་ལས་རིགས་གཉེར་ཐུབ”ཞེས་རྡོ་གཞོང་གྲོང་ཚོའི་གོམ་སྟབས་རྗེས་མའི་སྐོར་གླེང་སྐབས། ལྷ་དབང་གིས་བསམ་ཕྱོགས་གསལ་པོར་བཤད།

    ཚོང་གཉེར་གོ་སྐབས་དམ་འཛིན་བྱས་ནས་དུད་སྦྲེལ་འབབ་འཕར་དང་གྲོང་ཚོར་ཕྱུག་འགྱུར་བྱུང་བ།

    2009ལོར་གསར་སྐྲུན་བྱས་པའི་གསུམ་འཕྲང་ཟམ་ཆེན་བརྒྱུད་ཡར་ཀླུང་གཙང་པོ་འཕྲེད་བརྒལ་བྱས་རྗེས། བཅར་འདྲི་ཚོགས་ཆུང་དང་བཅས་པས་ངོས་སྙོམས་པའི་སྣུམ་ནག་ལམ་དེད་དེ་ཟུར་གསུམ་གྲོང་ཚོའི་མང་ཚོགས་ནོར་བུ་དབང་འདུས་ཀྱི་ཁྱིམ་དུ་ཕྱིན་པ་ཡིན།

    སྒོ་འགྲམ་གྱི་རྐོ་འདྲུའི་འཕྲུལ་འཁོར་དང་། མཛེས་ཉམས་དོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ། བོད་ལུགས་ཁྱིམ་ཆས་གསར་རྐྱང་བཅས་ལས་དུད་ཚང་དེ་ཕྱུག་པོ་ཡིན་པ་མཚོན་ཐུབ།

    གསར་འགོད་པ་དང་བཅས་པ་དེ་གར་ཡོང་དོན་ཤེས་རྗེས། ནོར་བུ་དབང་འདུས་ཀྱིས“2009ལོའི་གོང་ཟུར་གསུམ་གྲོང་ཚོ་ནས་ཕད་གྲོང་རྡལ་དུ་འགྲོ་དུས་ཤིང་གྲུར་བསྡད་ན་མ་གཏོགས་ཡར་ཀླུང་གཙང་པོ་སྒྲོལ་མི་ཐུབ་པ་དང་། རླུང་ཆེན་ལྡང་བའི་སྐབས་སུ་གྲུ་གཟིངས་རྟག་ཏུ་མགོ་རྟིང་ཡང་སློག་གི་ཡོད། གསུམ་འཕྲང་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། གྲོང་ཚོའི་ཁྱིམ་ཚང་ཚང་མས་འཇིབ་ཆུང་ཉོས་ཤིང་། འཇིབ་ཆུང་བཏང་ནས་ཆུ་ཚོད་ཕྱེད་ཀར་ཕད་གྲོང་རྡལ་བར་ཕར་འགྲོ་ཚུར་འོང་བྱེད་ཐུབ”ཅེས་བཤད།

    སློབ་ཆུང་རིག་གནས་ཆུ་ཚད་ལས་མེད་པའི་ནོར་བུ་དབང་འདུས་ནི་གྲོང་ཚོར་འཇོན་ཐང་ལྡན་པའི་མི་ཞིག་རེད། ལོ་17སྐབས་ཟུར་གསུམ་སོགས་གྲོང་ཚོ་4ཡི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ལོ་18ལ་ཟུར་གསུམ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་པ་རེད།

    2012ལོར་རང་སྐྱོང་ལྗོངས་ཀྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་འགོ་ཚུགས་རྗེས། ཏང་ལོ་20ལྷག་ཙམ་ཟིན་པའི་ནོར་བུ་དབང་འདུས་གཉིས་ལྡན་དུད་སྦྲེལ་གྱི་དུད་སྦྲེལ་སྤྱི་མིར་མིང་བཏོན་འདེམས་བསྐོ་བྱས་པ་རེད།

    “རང་ཉིད་ཁོ་ན་ཕྱུག་པོ་ཆགས་ན་ཕྱུག་པོ་མ་རེད། གྲོང་མི་ཡོངས་ཕྱུག་པོ་ཆགས་ན་ཕྱུག་པོ་རང་རེད”ཅེས་ནོར་བུ་དབང་འདུས་ཀྱིས་དེ་ལྟར་བཤད་ལ། ལག་ལེན་དངོས་སུ་ཡང་བསྟར་བ་རེད། ཁོང་གིས“གཉིས་ལྡན་དུད་སྦྲེལ”ཚོའི་སྣེ་ཁྲིད་དེ་དངུལ་སྒོར་ཁྲི་50གྲབས་གསོག་ནས་བྱེ་རྡོ་ར་བ་ཞིག་བཙུགས་པ་དང་། དེ་ལས་གྲོང་ཚོའི་མཉམ་སྡེབ་ཀྱི་དོ་དམ་གྲོན་དངུལ་སྒོར་ཁྲི་2དང་མ་གནས་གཞན་དག་བསྐྱལ་བ་ཕུད། 2014ལོ་ཁོ་ནར་ཁེ་གཙང་སྒོར་ཁྲི་30ལྷག་ཙམ་བྱུང་བ་རེད།

    ནོར་བུ་དབང་འདུས་ཀྱི་སྣེ་ཁྲིད་འོག་སྒྲོལ་ལྷ་གཡང་འཛོམས་དང་གཡུ་འབྲུག་སོགས་དུད་ཚང་དབུལ་པོ་3རྦད་དེ་དབུལ་སྒྲོལ་ཐུབ་ནས་དུད་སྦྲེལ་མ་བྱས་གོང་གི་དུད་ཚང་རེར་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཅིག་མ་ལོན་པ་ནས་ད་ལྟའི་སྒོར་ཁྲི་4.5བར་མང་དུ་ཕྱིན་ཡོད།

    སྒྲོལ་ལྷ་གཡང་འཛོམས་ཀྱིས་མི་འཕྲད་རིམ་བཞིན“གཉིས་ལྡན་དུད་སྦྲེལ་གྱི་སྲིད་ཇུས་ཡག་པོ་འདུག ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཞུ། དབང་འདུས་ལགས་ཐུགས་རྗེ་ཆེ་ཞུ”ཞེས་ཤོད་ཀྱི་ཡོད།

    “ང་ཚོས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ཅིག་ཐོ་བཀོད་བྱས་མ་ཐག་ཡིན། མིག་སྔར་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཨར་ལས་ལག་རྩལ་སྦྱོང་དུ་འཇུག་གི་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་བྱེད་རྩིས་ཡོད”ཅེས་ཡིད་ཆེས་ཀྱིས་ཁེངས་པའི་ངང་བཤད་བྱུང་། སྐད་ཆ་དེ་ཤོད་པའི་རྣམ་འགྱུར་ནས་ནོར་བུ་དབང་འདུས་ཀྱིས་ཟུར་གསུམ་གྲོང་ཚོའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་མཐོང་ཐུབ།

    ཡར་ཀླུང་གཙང་པོ་ནི་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་ལྟར་དུ་མཛེས་སྡུག་ལྡན་པའི་ཕད་གྲོང་རྡལ་བརྒྱུད་ནས་ཐག་རིང་ཕྱོགས་སུ་བཞུད་པ་དང་། དེས་ཕད་གྲོང་རྡལ་ལ་འབྱོར་ཕྱུག་གི་འཚོ་བ་བཏོད་པ་མ་ཟད། བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཡང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།