སྨི་ངོས་གྲུ་40ཡོད་པའི་སྡོད་ཁང་ཁ་ལྷོ་ལྟའི་ནང་ཁེར་རྐྱང་གི་གསང་སྤྱོད་དང་། རྒྱ་ཆེ་བའི་ཉི་གཡབ། ཁྱིམ་ཆས་ཆ་ཚང་བཅས་ཡོད་པ་མ་ཟད། ལས་དོན་མི་སྣ་ག་དུས་སྐད་བཏང་ཀྱང་ཡོང་གི་ཡོད།
ལྷ་ས་གྲོང་ཁྱེར་ཞོལ་གྲོང་གསར་ལམ་དུ་གནས་པའི་རྒན་རྒོན་ལྟ་སྐྱོང་ཁང(དེ་སྔའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེ་ཁང)ནི་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་བརྒྱབ་པའི་སྤྱི་ཚོགས་ཀྱི་རྒན་གསོ་ལུས་གསོའི་ལྟེ་གནས་ཐོག་མ་དེ་རེད། རྒན་རྒོན་ལྟ་སྐྱོང་ཁང་དེ་2013ལོའི་ཟླ་9པའི་ཟླ་མཇུག་ནས་བཟུང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་ཞིག་ཡིན་པ་དེར་བསྡོམས་མ་དངུལ་སྒོར་ཁྲི་2520.15བཏང་ནས་ན་ནིང་ལོ་མཇུག་ཏུ་ལེགས་གྲུབ་ཟིན་ཞིང་། དེ་ནི་མཉམ་དུ་འཚོ་སྐྱོང་དང་། སོས་དལ། སྨན་བཅོས། ལྟ་སྐྱོང་། ལུས་གསོ་བཅས་གཞི་གཅིག་ཅན་གྱི་སྤྱི་ཚོགས་ཕན་བདེ་ཁང་གསར་པ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 1959ལོར་བོད་ཀྱི་སྤྱི་ཚོགས་ཕན་བདེ་ཁང་ཐོག་མ་སྟེ། ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་བསྐྲུན་པ་རེད། 1984ལོར་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་ཞོལ་གྲོང་གསར་དུ་སྤོས་པ་དང་། དེའི་རིང་བསྐྱར་སྐྲུན་རྒྱས་སྐྲུན་ཐེངས་གཅིག་གཉིས་ཙམ་བྱས། ལྷ་སར་རྒན་རྒོན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། ད་ཡོད་སྒྲིག་གཞིར་རྒན་གསོའི་གནོན་ཤུགས་ཇེ་ཆེར་འགྲོ་གི་ཡོད།
ལྷ་ས་གྲོང་ཁྱེར་རྒན་རྒོན་ལྟ་སྐྱོང་ཁང་གི་ཡོན་ཀྲང་གཞོན་པ་མིག་དམར་མཚམས་གཅོད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་མ་དངུལ་བཏང་ནས་སྤྱོད་བཞིན་པའི་ལྷ་སའི་རྒན་རྒོན་ལྟ་སྐྱོང་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེ་ཁང་གི་དེ་སྔའི་ས་ཆར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་ཞིག་ཡིན་པ་དེར་ས་ཁྱོན་སྨི་ངོས་གྲུ་ཁྲི་1.2ཡོད་པ་དང་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་2520བཏང་ནས་ཉལ་ཁྲི་144ཡོད། ལྟ་སྐྱོང་ཁང་གི་སྡོད་ཁང་72ཚང་མར་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་ལུས་སྦྱོང་ཡོ་བྱད་དང་གཞི་རྩའི་སྨན་བཅོས་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད།
ལོ་76ལ་སླེབས་པའི་མལ་གྲོ་གུང་དཀར་རྫོང་གི་རྒན་མོ་འཕྲིན་ལས་གཡང་འཛོམས་ཀྱིས་བོད་བཟོའི་སྡོད་ཁང་ཞིག་བདམས་པ་དང་སྡོད་ཁང་དུ་བོད་བཟོའི་ཁྱིམ་ཆས་ཆ་ཚང་དང་ཚུན་32ཀྱི་བརྙན་འཕྲིན་ཡོད། བོད་བཟོའི་ལྕོག་ཙེའི་སྟེང་གི་སྡེར་མའི་ནང་ཁ་ཟས་དང་བྱི་རིལ་སོགས་བྱུར་པོར་བླུགས་ཡོད། རང་ཁྱིམ་དུ་སྐུ་མགྲོན་ཕེབས་པ་མཐོང་སྐབས་རྒན་མོས་ཤིང་ཏོག་སྡེར་མ་འཁྱེར་ཏེ་སེམས་རྩ་འཁོལ་པོས་ཤིང་ཏོག་དྲངས་ནས“རང་ཉིད་ཕན་བདེ་ཁང་དུ་ལོ་22བསྡད་པས་ཕན་བདེ་ཁང་གི་ལོ་20ཙམ་གྱི་འཕོ་འགྱུར་གི་དཔང་པོ་བྱེད་ཆོག”ཅེས་བཤད།
ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མི་ཧྲེང་རྒན་རྒོན་དང་། དབང་པོ་སྐྱོན་ཅན། འགན་ལེན་ལྔའི་དུད་ཚང་བཅས་སྤྱི་ཚོགས་ཕན་བདེ་ཁང་དུ་སྡོད་རྒྱུའི་རེ་ཞུ་བྱ་ཆོག ལྷ་ས་གྲོང་ཁྱེར་ལ་ད་ཆ་སྤྱོད་བཞིན་པའི་རྒན་རྒོན་ལྟ་སྐྱོང་ཁང་ཡོད་པ་མ་ཟད། ད་དུང་རྫོང་ཁག་ཏུའང་སྤྱི་ཚོགས་ཕན་བདེ་ཁང་བསྐྲུན་ཡོད། མིག་སྔར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུ་རྫོང་གསུམ(སྟོད་ལུང་བདེ་ཆེན་རྫོང་དང་། འདམ་གཞུང་རྫོང་། སྙེ་མོ་རྫོང་བཅས)གྱི་ཕན་བདེ་ཁང་བཙུགས་ཡོད། ཉེ་བའི་ལོ་ཤས་ནང་གྲོང་ཁྱེར་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་གྱི་སྡོད་ཁང་དང་འཚོ་བ་སོགས་ཧ་ཅང་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་གྱི་རྒན་རྒོན་ཚོར“རྒས་དུས་གསོ་མཁན་ཡོད་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ”བཅས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོ་ཞིག་བསྐྲུན་པ་དེས་ཁྱིམ་དུ་རྒན་རྒོན་གསོ་མཁན་མེད་པའི་ཞན་ཆ་གསབ་ཐུབ་པ་མ་ཟད། ད་དུང་གཞིས་སྲུང་རྒན་རྒོན་དང་ངལ་རྩོལ་ནུས་པ་རྦད་དེ་ཤོར་བའམ་ཡང་ན་ཕྱེད་ཙམ་ཤོར་བའི་རྒན་རྒོན་གྱི་དཀའ་ངལ་དངོས་སེལ་ཐུབ་ཡོད།