བོད་ཀྱིས“གསེར་ཉིའི”དཔེ་སྟོན་འདུ་འགོད་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་13དང་། མི་འབོར་ཁྲི་52ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་ནས། སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།
འཛམ་གླིང་ཡང་རྩེར་གྲགས་པའི་བོད་ནི། རང་རྒྱལ་གྱི་ཉི་འོད་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན། བསྡོམས་རྩིས་ལས་མངོན་པར། བོད་དུ་ལོ་ཧྲིལ་པོར་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད་3000ཙམ་ཟིན་གྱི་ཡོད།
མིག་སྔའི་བར“གསེར་ཉིའི”དཔེ་སྟོན་འདུ་འགོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་12.5བཏང་ནས། ཉི་ནུས་སྤྱོད་མཁན་ལ་འོད་ཤུགས་མ་ལག་ཆ་ཚང་ཁྲི་18.4རིན་མེད་ངང་སྤྲད་པ་དང་། དྲ་མེད་འོད་ཤུགས་གློག་ཁང་62བསྐྲུན་པ། འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཀྲའོ་ཝ་50.78ཟིན་པ་བཅས་ཀྱིས་དུད་ཚང་ཁྲི་13དང་། མི་འབོར་ཁྲི་52ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
གཞན་ཡང་འདུ་འགོད་དེས་ད་དུང་དུད་ཚང་ཁྲི་16.07དང་མི་ཁྲི་79.3གྱི་གློག་སྤྱོད་སྤུས་ཚད་ལེགས་སུ་བཏང་བ་དང་། སྲིད་འཛིན་གྲོང་ཚོར་གློག་ཁྱབ་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱུང་བ་དེ་ཐོག་ནས། བོད་ཡོངས་ཀྱི་གློག་མེད་མི་འབོར་གྱི་འཚོ་བར་མཁོ་བའི་གློག་གི་གནད་དོན་གཞི་རྩའི་ཐོག་ནས་ཐག་གཅོད་བྱུང་སྟེ། གློག་མེད་པའི་འཚོ་བ་རྦད་དེ་མཇུག་འགྲིལ་བ་མཚོན་ཡོད།