ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་དུ་ཡོད་པའི་ཚེ་རིང་དབང་མོའི་ཁྱིམ་དུ་སྐྱོད་སྐབས་མགྲོན་བསུ་ཁང་དུ་གཙང་ལ་གྲལ་སྒྲིག་པའི་བོད་བཟོའི་ཁྱིམ་ཆས་ཀྱིས་ང་ཚོའི་ཡིད་དབང་འཕྲོག ལྷ་སའི་སྤྱིར་བཏང་བོད་རིགས་ཀྱི་ཁྱིམ་ཚང་མང་པོ་ཞིག་དང་འདྲ་བར་བོད་བཟོའི་ཁྱིམ་ཆས་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན། ཅི་འཕྲོས་མོལ་འཕྲོས་བྱས་པ་བརྒྱུད་ཚེ་རིང་དབང་མོས་ང་ཚོར་ཁོང་ཁྱིམ་གྱི་བོད་བཟོའི་ཁྱིམ་ཆས་སྐོར་བཤད་བྱུང་།
ཚེ་རིང་དབང་མོའི་ཕ་ཡུལ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་ཡོད་པ་དང་ད་ཆ་ཁྱིམ་གྱི་འཛིན་ཆས་རྙིང་ཤོས་ནི་ཕ་ཡུལ་ནས་ལྷ་སར་འཁྱེར་ཡོང་བའི་བོད་བཟོའི་དཔེ་སྒྲོམ་དེ་ཡིན། ང་རང་ཆུང་བྱིས་པའི་དུས་ནས་དཔེ་སྒྲོམ་དེ་ཡོད་པ་དྲན་གྱི་འདུག དཔེ་སྒྲོམ་དེ་ལོ་རབས་མང་པོ་ཕྱིན་ནས་རྙིང་པ་ཆགས་རུང་ཚེ་རིང་དབང་མོས་སྔར་བཞིན་དེ་ཁང་པ་ཆུང་ཆུང་ནང་བསྒྲིགས་ཏེ་དོར་ཕོད་ཀྱི་མེད།
2003ལོར་ཚེ་རིང་དབང་མོས་ཁོང་ལ་ལས་ཁུངས་ནས་ལས་ཤག་བགོ་བཤའ་རྒྱག་སྐབས་བོད་བཟོའི་ཁྱིམ་ཆས་དང་པོ་དེ་ཉོས་པ་ཡིན། “སྐབས་དེ་དུས་ལས་ཤག་ལ་སྨི་ངོས་གྲུ་60ལྷག་ཙམ་ལས་མེད་པ་དང་ཁང་པའི་གྲུབ་ཆ་ཡང་ཡག་པོ་དེ་ཙམ་མེད། ངས་ཉང་བྲན་ལམ་ནས་བོད་བཟོའི་ཁྱིམ་ཆས་ཁ་ཤས་ཉོས་པ་ཡིན”ཞེས་བཤད།
2008ལོར་ཚེ་རིང་དབང་མོ་ད་ཆའི་སྨི་ངོས་གྲུ་90ལྷག་ཙམ་ཡོད་པའི་ལས་ཤག་ནང་སྤོས། སྐབས་དེ་དུས་ཁོང་གིས་གཉེན་ཉེ་དང་མཉམ་དུ་ལྷ་སའི་ཁྱིམ་ཆས་ཁྲོམ་ར་ཁག་ཏུ་བསྐྱོད་དེ་བསྡུར་བ་བྱས་ནས་མཐར་སྒོར་ཁྲི་གཅིག་ཡན་གྱི་བོད་བཟོའི་ཁྱིམ་ཆས་དེ་ཉོས་པ་དང་། རྗེས་སུ་ཉོས་པའི་བོད་བཟོའི་ཁྱིམ་ཆས་ཀྱང་ད་ཆ་ཁྱིམ་དུ་སྤྱོད་བཞིན་ཡོད།
“ང་ཤིང་གི་དྲི་ཞིམ་ལ་དགའ་པོ་ཡོད་ལ་ཚོས་གཞི་ཅུང་སེར་བའི་ཁྱིམ་ཆས་ལ་དགའ་པོ་ཡོད་པས་ཚོས་གཅིག་མའི་ཤུག་པའི་འཛིན་ཆས་ཤིག་བདམས་པ་ཡིན”ཞེས་ཚེ་རིང་དབང་མོས་བཤད། མིག་སྔའི་ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་ཁྱིམ་ཆས་དང་མི་འདྲ་བར་ཁོང་ཁྱིམ་གྱི་བོད་བཟོའི་ཁྱིམ་ཆས་ཁམས་དྭངས་ལ་བོད་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་སྟེ། ཁོང་གི་ཆ་སྒམ་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་བརྒྱན་པ་དང་ལྕོག་ཙེ་ནི“ཁྱི་སུག”དབྱིབས་ཡིན་པ་རེད།
བོད་བཟོའི་ཁྱིམ་ཆས་ཐད་ལ་བཅངས་པའི་བརྩེ་དུང་སྐོར་གླེང་སྐབས་ཚེ་རིང་དབང་མོས་ལམ་སེང་འོས་ཤིང་འཚམ་པའི་ཚིག་གི་ཐོག་ནས་བརྗོད་ཐབས་བྲལ། ཁོང་གིས་ཁྱིམ་ནི་མི་ཚེའི་ཁྲོད་ཀྱི་གལ་ཆེ་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་གནས་ཤིག་ཡིན་པས་མི་རྣམས་ཀྱིས་ཁྱིམ་ཆས་འདེམས་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་སྙམ་གྱི་འདུག བོད་བཟོའི་ཁྱིམ་ཆས་ལ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད་པས་སེམས་ནུས་བཏོན་ཚེ་མི་རིགས་ཀྱི་བརྩེ་སེམས་དང་འབྲེལ་ཐུབ། “ཁྱིམ་ཚང་ནང་བོད་བཟོའི་ཁྱིམ་ཆས་ཡོད་ཚེ་གཞི་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་ཞིག་གི་ཚོར་སྣང་སྦྱིན་ཐུབ”ཅེས་བཤད།