ཕལ་ཆེར་ཉིན་གུང་ཆུ་ཚོད་12 ཙམ་ལ་ཁྱིམ་མཚེས་ཀྱི་ཚོང་ལས་སྲང་ལམ་དང་བསྡུར་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྐྱིད་རས་སྲང་ལམ་ནི་ཁ་ཁུ་སིམ་མེར་འདུག བོད་བཟོའི་ཁྱིམ་ཆས་ཀྱི་ཁྲོམ་ལམ་ཡུག་གཅིག་ཅེས་འབོད་པའི་སྲང་ལམ་དེར་ལོ་30ལ་སླེབས་པའི་ཟླ་བས་ལོ་10 ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་བཟོའི་ཁྱིམ་ཆས་ཚོང་ཁང་ཞིག་ཚོང་གཉེར་བྱེད་ཀྱི་ཡོད།
“ད་ལྟ་ཚོང་རྒྱག་བདེ་པོ་མི་འདུག སྲང་ལམ་དེ་ཁོ་ནར་བོད་བཟོའི་ཁྱིམ་ཆས་ཚོང་ཁང་དེ་ལྟ་བུ7ཡོད་པས་ཚོང་ཁང་འགའ་ཞིག་གིས་ཕྱི་དྲོ་མ་གཏོགས་སྒོ་འབྱེད་ཀྱི་མེད”ཅེས་ཟླ་བས་བཤད་། མཐའ་འཁོར་གྱི་བོད་བཟོའི་ཁྱིམ་ཆས་ཚོང་ཁང་མང་ཆེ་བ་དང་འདྲ་བར་ཟླ་བའི་ཁྱིམ་ཆས་ཚོང་ཁང་ལའང་མིང་བཏགས་མེད། གང་ལགས་ཤེ་ན། ཁོང་གི་ཁྱིམ་དུ་སྤུས་གཟིགས་གནང་བར་ཡོང་མཁན་མང་ཆེ་བ་ནི་སྐུ་མགྲོན་འདྲིས་པོའམ་ཡང་ན་ཁོང་ཚོའི་གྲོགས་པོ་གྲོགས་མོ་ཤ་སྟག་ཡིན་པས་རེད།
ཁྱིམ་ཆས་ཚོང་ཁང་གི་ཚོམས་ཆེན་ནང་བོད་བཟོའི་སྒྲོག་ཙེ་དང་ཆ་སྒམ་འགའ་ཤས་སྒྲིག་ཡོད་པ་དང་། ཁྱིམ་ཆས་དེ་དག་ཚང་མ་ནི་ཟླ་བ་རང་གིས་བཟོས་པ་དང་། ཚལ་གུང་ཐང་ནས་དབོར་ཡོང་བ་ཞིག་རེད། དམིགས་བསལ་གཅིག་ཀྱང་མེད་པར་ཚང་མ་ལག་ཤེས་བཟོ་རྩལ་རེད། ཁྱིམ་ཆས་ཀྱི་བཟོ་ལྟ་གསར་པ་ཡོད་ལ་རྙིང་པའང་ཡོད་པ་སྟེ་། བོད་བཟོའི་ཁྱིམ་ཆས་ཀྱི་བཟོ་ལྟ་རྙིང་པར་ཐིག་རིས་མདའ་ལྟར་དྲང་བ་དང་། དཔེ་རིས་བསྡུས་པ། བལྟས་ན་ཁུངས་ཐུབ་པོ་ཞིག་ཡོད་པ་དང་། བོད་བཟོའི་ཁྱིམ་ཆས་གསར་པར་གཞུ་ཐིག་དང་བརྐོས་མང་བ་དང་བཟོ་རྩལ་ཐད་སྔར་བས་རྙོག་འཛིང་ཆེན་པོ་ཡོད།
“མ་གཞི་བོད་བཟོའི་ཁྱིམ་ཆས་གསར་པ་གྲུབ་ཚུལ་སྔར་བས་ལུགས་མཐུན་དང་། དབོར་དེ་བས་བདེ་པོ་ཡོད། འོན་ཀྱང་མི་ཉུང་བ་ཞིག་གིས་བཟོ་ལྟ་རྙིང་པར་དགའ་པོ་བྱས་ནས་བོད་ལུགས་ཀྱི་བཟོ་ལྟ‘ཇི་མ་ཇི་བཞིན’དེར་དམིགས་ནས་ཉོ་བར་ཡོང་གི་ཡོད”ཅེས་ཟླ་བས་བཤད། བོད་བཟོའི་ཁྱིམ་ཆས་ཀྱི་ཇུས་འགོད་དང་བཟོ་སྟངས་ནི་དེའི་རིན་གོང་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། འཛད་སྤྱོད་པས་ཐད་ཀར་ཚོང་ཁང་དུ་ཉོ་བར་ཡོང་མཁན་ཉུང་ཉུང་ཡིན་པ་དང་མང་ཆེ་བས་མངགས་ཉོ་བྱེད་ཀྱི་ཡོད། ཟླ་བས་ཀྱང་འཛད་སྤྱོད་པའི་དགོས་མཁོར་གཞིགས་ནས་རང་གཤིས་ཅན་གྱི་ཇུས་འགོད་བྱེད་ཀྱི་ཡོད་པ་དང་མངགས་ཉོ་བྱེད་པའི་དུས་ཡུན་ཟླ་ཕྱེད་ཡན་རེད།
“སྔོན་ཆད་ཚོང་ཡག་པའི་སྐབས་སུ་ཉིན་ལྟར་གྱི་ཚོང་གཉེར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཟིན་གྱི་ཡོད། འོན་ཀྱང་ད་ལྟ་གཟའ་འཁོར་གཅིག་ལ་དེ་སྔའི་ཉིན་གཅིག་གི་ཆུ་ཚད་ལས་ཟིན་གྱི་མེད”ཅེས་དེ་སྔའི་ཚོང་ཡག་པའི་སྐོར་གླེང་སྐབས་ཟླ་བས་མནོ་བསམ་ཞིག་གཏོང་བཞིན་ཡོད། མིག་མདུན་གྱི་དཀའ་ངལ་ལ་བལྟས་ན། ཁོང་གིས་དེའི་ཐད་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་སྟེ། ཕྱོགས་གཅིག་ནས་འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་བྱས་པའི་མ་གནས་དམའ་བ་དང་ཐོན་སྐྱེད་ཀྱི་དུས་འཁོར་ཐུང་དུ་འགྲོ་གི་ཡོད། ཁོ་མོ་དང་འདྲ་བའི་བོད་བཟོའི་ཁྱིམ་ཆས་ཚོང་ཁང་གིས་འཕྲུལ་ཆས་ཅན་གྱི་གོམ་སྟབས་ཀྱི་རྗེས་ཟིན་ཐབས་བྲལ་བ་དང་།གས་གཞན་ཞིག་ནས་བོད་བཟོའི་ཁྱིམ་ཆས་ཐོན་སྐྱེད་བྱེད་མཁན་མང་དུ་ཕྱིན་པ་དང་བཟོ་རྩལ་ཇེ་མཐོར་ཕྱིན་པ་དེས་བོད་བཟོའི་ཁྱིམ་ཆས་ཀྱི་སྤྱོད་ཡུན་རིང་དུ་སོང་བ་དང་ཁྲོམ་རའི་ཐོག་བལྟོས་བཅས་ཀྱིས་འདང་ངེས་ཡོད་པ་རེད།
“གང་ལྟར། ངས་ཁྱིམ་ཆས་ཚོང་ཁང་དེ་སྒོ་རྒྱག་རྩིས་བྱེད་ཀྱི་མེད། བོད་བཟོའི་ཁྱིམ་ཆས་གཉེར་སྐྱོང་བྱེད་པ་ནི་ཉོ་ཚོང་ཞིག་དང་བོད་མི་རིགས་ཀྱི་རིག་གནས་རྒྱུན་མཐུད་བྱས་པ་ཞིག་རེད་ལ། ང་ཚོ་རང་ཉིད་ཁྱིམ་རྒྱུད་ཀྱི་ཁྱིམ་ཆས་བཟོ་བའི་རིག་གནས་ཤིག་དེ་བས་རེད། གལ་སྲིད་བོད་བཟོའི་ཁྱིམ་ཆས་བེད་སྤྱོད་གཏོང་མཁན་ཡོད་ན། ང་ཚོར་སྲོལ་རྒྱུན་དེ་མེད་པ་བཟོ་བའི་རྒྱུ་མཚན་མེད”ཅེས་ཟླ་བས་བཤད།