དབུ་ཤོག>གསར་འགྱུར།
  • ​ ལྷ་ས་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་ལས་ཞུགས་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-23

    2015ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས“ལས་རིགས་བཞིའི་འདུ་འགོད”དང“དམངས་འཚོ་ལེགས་སུ་་བཏང་ནས་གྲོང་ཁྱེར་བདེ་བར་འཁོད་པའི”འཐབ་ཇུས་བཀོད་སྒྲིག་ལག་ལེན་ཤུགས་ཆེན་བསྟར་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་བཅས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་པས། ལོ་སྟོད་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

    གཞི་རིམ་གྱི་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་དོན་གྱི་གཙོ་གནད་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས《2015ལོའི་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལག་བསྟར་ཇུས་གཞི》ཧུར་ཐག་བཟོས་པ་མ་ཟད། འགྲེམས་སྤེལ་བྱས་ནས་ལས་དོན་ཁག་ཚང་མར་ཞིབ་ཕྲའི་འགན་འཁུར་མཁན་ཚན་པ་དང་ལེགས་གྲུབ་དུས་ཚད་ཁ་གསལ་བཟོས་པ་དང་དུས་མཚུངས། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ལས་ཞུགས་ཅུས་ཀྱིས་བརྟག་ཞིབ་གང་ལེགས་བྱས་པ་དང་། རྫོང(ཆུས)ཁག་གི་བསམ་འཆར་དང་ལེན་ཧུར་ཐག་བྱས་ཐོག《ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་སྐྲུན་པའི་ལག་བསྟར་ཇུས་གཞི》བཟོས་ནས། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུའི་འགོ་ཁྲིད་ཚོགས་ཆུང་བཙུཌ་ཏེ། འབྲེལ་ཡོད་ཚན་པ་དང་རྫོང(ཆུས)ཁག་གི་ལས་འགན་ཁག་བགོས་གསལ་པོ་བྱས་ཡོད་པ་རེད། “གཅིག་གྱུར་དྲུག”གི་ཚད་གཞི་གཞིར་བཟུང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང(ཤང་གྲོང)དང་སྡེ་ཁུལ(གྲོང་མི་ཨུ་ལྷན)རིམ་པའི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། གཞི་རིམ་ལས་ཞུགས་ཞབས་ཞུའི་ལས་ཀའི་ཆུ་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    རྩལ་ནུས་གསོ་སྦྱོང་དང་དཔྱད་འདོམས་བྱས་ཏེ་ཞིང་འབྲོག་པའི་ལས་ཞུཌ་འཇོན་ཐང་ཆེ་རུ་བཏང་བ།

    གསོ་སྦྱོང་གི་འདུན་པ་དང་དགོས་མཁོ་མཐིལ་རྟོགས་བྱས་པའི་རྨང་གཞིའི་ཐོག འབྲེལ་ཡོད་སྡེ་ཚན་གྱིས《ལྷ་ས་གྲོང་ཁྱེར་གྱི་2015ལོའི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཆར་གཞི》དང《ལྷ་ས་གྲོང་ཁྱེར་གྱི་རྩལ་ནུས་གསོ་སྦྱོང་ལས་ཀའི་མཛུབ་ཁྲིད་བསམ་འཆར》བཟོས་ནས་འགྲེམས་སྤེལ་བྱས་པ་དང་། 2015ལོའི་ལས་ཞུགས་གསོ་སྦྱོང་གི་ལས་འགན་དང་ལས་ཀའི་བསམ་ཕྱོགས་གསར་པ་གཏན་འཁེལ་བྱས་ཡོད་པ་རེད།

    2015ལོའི་ལོ་སྟོད་དུ་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ཁྱོན་དུས་ཐེངས་24སྤེལ་ནས་མི་1353གསོ་སྦྱོང་བྱས་པའི་ཁྲོད་ཞིང་འབྲོག་པ་1030ཡོད་པ་རེད། གསོ་སྦྱོང་བྱས་རྗེས་མི་975ལས་ཞུགས་ཐུབ་པས། གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་ཚད་72%ཟིན་པ་དང་། མི་217ལ་ལས་རིགས་རྩལ་ནུས་ཀྱི་དཔྱད་འདོམས་བྱས་པ་རེད། རྫོང(ཆུས)ཁག་སྒྲིག་འཛུགས་བྱས་ནས་གཅིག་གྱུར་ཐོག་ངལ་རྩོལ་སྤུས་རྟགས་ལ་རྒྱབ་སྐྱོར་གྱི་གསོ་སྦྱོང་ཐེངས་གཅིག་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ལས་ཞུགས་ཅུས་ཀྱི་འགན་འཁུར་བས་གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་ངོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་དང་ཕྱུག་འགྱུར་གཉིས་ཀར་ཕན་པ་ཐོབ་པ་བྱ་རྒྱུ་དང་། ལས་རིགས་རྩལ་ནུས་ཀྱི་དཔྱད་འདོམས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ཞིང་འབྲོག་པའི་ཆེད་དོན་ལས་རིགས་ཀྱི་འཇོན་ཐང་དཔྱད་འདོམས་བྱེད་པའི་བསྡུར་ཚད་རིམ་གྱིས་མཐོ་རུ་གཏང་རྒྱུ་ཡིན་ཞེས་བཤད་བྱུང་།

    གཞི་རྟེན་མང་པོར་བརྟེན་ནས་ལས་ཞུགས་ལ་ཞབས་འདེགས་ཞུ་བ་དང་ལས་ཞུགས་ཀྱི་དཀའ་གནད་སེལ་རོགས་བྱས་པ།

    ལས་ཞུགས་ཞབས་ཞུའི་གཞི་རྟེན་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་རིང་། ལྷ་ས་གྲོང་ཁྱེར་གྱིས་ལས་རིགས་ངོ་སྤྲོད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། ཆ་འཕྲིན་སྟེགས་བུ་ཧུར་ཐག་བཏོད་པ་དང་། ཁེ་ལས་དང་ལས་མི་འབྲེལ་གཏུག་བྱེད་པའི་ཞབས་ཞུར་ཤུགས་བརྒྱབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་མི་ཤུགས་ཐོན་ཁུངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྣ་ཚོགས་འཚོགས་ནས། མི་ཐེངས་6407ལ་ལས་ཀ་ངོ་སྤྲོད་བྱས་ཤིང་། དེའི་ཁྲོད་མི་3874ལ་ལས་ཀ་རག་པ་དང་། མི་ཐེངས་11407ལ་ལས་རིགས་མཛུབ་ཁྲིད་བྱས་ཡོད་པ་རེད།

    ས་གཙང་བདེ་ཐང་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཐོན་ལས། “ཁུལ་གཉིས་དང་གླིང་བཞི”རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་བཅས་ལ་དམ་པོར་དམིགས་ནས། སྔ་ཙམ་དོ་དམ་བྱེད་པ་དང་རང་འགུལ་ངང་སྒོ་རྩར་བསྐྱོད་ནས་ལས་གནས་སྟོང་པའི་ཆ་འཕྲིན་འཚོལ་བསྡུ་བྱས་པས། ལོ་སྟོད་དུ་ལས་ཞུགས་ལས་གནས་ཁྱོན་7129དོན་ཞིང་། ལས་གནས་དེ་དག་གི་ཆ་འཕྲིན་ཕྱོགས་གཅིག་ཏུ་བསྡུས་ཡོད། ད་དུང་《ལྷ་ས་གྲོང་ཁྱེར་གྱི་2015ལོའི་ལོ་སྟོད་ཀྱི་ཁེ་ལས་མི་སྤྱོད་ཀྱི་ལས་གནས་ཆ་འཕྲིན་ལག་དེབ》བཟོས་ནས་བྱ་ཐབས་སྣ་མང་དང་ཐབས་ལམ་མང་པོས་གཤམ་སྤྲོད་བྱས་ཏེ་མང་ཚོགས་ལས་ཀ་འཚོལ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།