དབུ་ཤོག>གསར་འགྱུར།
  • ​ གཞིས་རྩེའི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་སྣོད་བཅུད་དཔེ་སྟོན་ཁུལ་བཙུགས་པའི་སྐོར་གྱི་རགས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-23

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་མཐོའི“སྔོ་ལྗང་ཁྱམས་རིང”ནུས་ཤུགས་ཡོད་རྒུས་བཏོད་པ་དང་། འདི་ལོའི་ལོ་སྟོད་ཁོ་ནར་གྲོང་ཁྱེར་ཡོངས་ཀྱིས་ས་མུའུ་ཁྲི་21.2ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་། ལྷག་པར་ཏུ་རྣམ་གླིང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་སྣོད་བཅུད་དཔེ་སྟོན་ཁུལ་བཙུགས་ཤིང་། དེ་གཞིས་རྩེ་གྲོང་ཁྱེར་དང་ཐ་ན་ལྗོངས་ཡོངས་ཀྱི་ཤིང་འཛུགས་ནགས་བཟོའི་སྣོད་བཅུད་འཛུགས་སྐྱོང་ལས་གྲྭའི་ཐིག་ཤིང་ལྟ་བུར་གྱུར་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2011ལོ་ཚུན་དུ་རྣམ་གླིང་རྫོང་གིས“སྣོད་བཅུད་ལ་བརྟེན་ནས་རྫོང་གཏོད་པའི”འཐབ་ཇུས་མཐའ་འཁྱོངས་བྱས་ཐོག སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་པོར་བཞག་ནས་དུས་འགོའི་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་སྟེ་སྣོད་བཅུད་དཔེ་སྟོན་ཁུལ་གྱི་ལམ་དྲ་དང་། ཤིང་སྣ་སོགས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་པ་དང་། དེ་དང་ཆབས་ཅིག་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་དང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་སྣོད་བཅུད་དཔེ་སྟོན་ཁུལ་དེ“གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་དུ་ནགས་བཟོའི་ལས་གྲྭ་སྤེལ་འགོ་ཚུགས་ས་དང་དཔེ་སྟོན་ས་ཚིགས་སུ་བརྩིས་ནས་དེ་ཉིད་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱ་རྒྱུ་བཏོན་པ་རེད།

    སྣོད་བཅུད་དཔེ་སྟོན་ཁུལ་དེ་ཉིད་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་ཚུན་རྣམ་གླིང་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཤམ་དུ་འགན་ནུས་ལས་དོན་ཚོགས་ཆུང་8ཡོད་པའི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་འགན་ཚང་མ་རིམ་པ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཤང་དང་གྲོང་རྡལ་ཁག་ཏུ་དབྱེ་ཕྲལ་བྱས་ཤིང་། རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་བྱེད་པ་དང་། མཁར་རྩེ་དང་། ཨེ་མར། རྣམ་གླིང་སོགས་འབྲེལ་ཡོད་ཤང་དང་གྲོང་རྡལ་ལྔ་ནས་མི་སྣ་སྐོང་འཐེན་བྱས་ཏེ་ས་ཆ་བགོས་ནས་ལག་བསྟར་གྲ་སྒྲིག་ལས་དོན་སྤེལ་འགན་འཁུར་བས། རྫོང་དེའི་གོང་འོག་ཚང་མས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། སེམས་ཤུགས་གཅིག་སྒྲིལ་བྱས་ནས། སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    “སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་ཁྲོད་རྫོང་ནགས་ལས་ཅུས་ཀྱིས་ས་གནས་དེ་གའི་ས་གཤིས་དང་ཆུ་ཁུངས་ཀྱི་ཆ་རྐྱེན་ལྟར་རྩྭ་འདེབས་འོས་སར་རྩྭ་འདེབས་པ་དང་། ལྕང་མ་འཛུགས་འོས་སར་ལྕང་མ་འཛུགས་པ། ནགས་ཚལ་སྐྲུན་འོས་སར་ནགས་ཚལ་སྐྲུན་རྒྱུ་བཅས་མཐའ་འཁྱོངས་བྱས་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ལ་སྣེ་ཁྲིད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་སྔོན་དུ་སྐྲུན་པ། བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ་བཅས་ཀྱི་རྩ་དོན་ལྟར་འཆར་འགོད་ཇུས་འགོད་དང་། སྡོང་ཕྲུག་སྤུས་ཚད། ལྕང་ཀོང་འདྲུ་བའི་ཚད་གཞི། སྡོང་འཛུགས་ལག་རྩལ། ཆུ་འདྲེན་ས་སྣོན་བཅས་ཀྱི་འགག་སྒོ་དམ་འཛིན་ནན་མོ་བསྲུངས་ཏེ་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད”ཅེས་རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་རྒྱལ་པོས་ངོ་སྤྲོད་བྱས་པ་རེད།

    ས་བབ་མཐོ་བ་དང་། གནམ་གཤིས་གྲང་བ། མྱ་ངམ་ཐང་ཅན་དུ་འགྱུར་བཞིན་པའི་ཁུལ་དུ་ཤིང་འཛུགས་ནགས་བཟོ་དང་། ལྷག་པར་ཏུ་དུས་མཇུག་གི་དོ་དམ་བདག་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དེས་ན། རྣམ་གླིང་རྫོང་ནགས་ལས་སྡེ་ཚན་གྱིས་ལྕང་མ་ནགས་སུ་འགྱུར་ཚད་དང་། ཁྱབ་ཚད། གསོན་ཚད་བཅས་མཐོ་རུ་གཏོང་རྒྱུར་དམིགས་ནས་འགན་འཁྲི་གཅིག་ནན་དུ་གཏོང་བ་དང་། དཔུང་ཁག་གཅིག་འཛུགས་པ། བྱེད་སྟངས་གཅིག་འཚོལ་བ། སྐུལ་སློང་ལམ་སྲོལ་གཅིག་འཛུགས་པ་བཅས་ཀྱི་དོ་དམ་བདག་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། “ཉེ་བའི་ལོ་གཉིས་རིང་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་མང་ཚོགས་སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ཞུགས་སུ་བཅུག་པས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་3000ཙམ་བྱུང་ནས་མང་ཚོགས་ཚོའི་འབབ་འཕར་དང་སྣོད་བཅུད་འཛུགས་སྐྱོང་དབར་གཉིས་ཁེ་གཉིས་ཕན་བྱུང་ཡོད”ཅེས་ཚེ་རིང་རྒྱལ་པོས་ངོ་སྤྲོད་བྱས་པ་རེད།

    ད་ཆ་ཡར་ཀླུང་གཙང་པོའི་ངོས་ནས་བྱང་ངོས་སུ་བལྟས་ན། ཡར་ཀླུང་གཙང་པོའི་བྱང་ངོས་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་ཡུག་གཅིག་ཏུ་སྦྲེལ་བའི་ལྕང་གླིང་གྲུ་བཞིར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པ་མཐོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།