ཡར་ལྷ་ཤམ་པོའི་འདབས་ཀྱི“མཐོ་རིས་དགའ་ཚལ”
རྩྭ་ཆུ་བཟང་ཞིང་འབྲོག་དུད་ཕྱུག
སྤྱིའི་རྒྱ་ཁྱོན་མུའུ་ཁྲི་323ཟིན་པའི་གྲི་གུ་རྩྭ་ཐང་ནི་རྩྭ་ཆུ་བཟང་བའི་རང་བྱུང་འབྲོག་ར་ཞིག་རེད། འོན་ཀྱང་དེར་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྐྱེན་གྱིས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཧ་ཅང་ཞན་པས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཧ་ཆང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད།
“དེ་སྔོན་དེར་ལོ་ངོ་ལྔ་བཅུ་དྲུག་ཅུ་ཡི་འཚོ་བའི་གད་སྙིགས་སྤུངས་ཡོད”ཅེས་མ་ཡུས་ཧུང་གིས་བཤད་བྱུང་། འོན་ཀྱང་སྨྱུག་འཛིན་པས་རི་མོ་ལྟར་མཛེས་པའི་རྩྭ་ཐང་དེ་དེ་སྔོན་གད་སྙིགས་ཀྱིས་ཁེངས་པ་བསམ་ཚོད་བྱེད་ག་ལ་ཕོད། ལོ་མང་སྤུངས་པའི་གད་སྙིགས་ད་ཆ་མཐོང་རྒྱུ་མེད་པའི་རྒྱུ་མཚན་གང་ཡིན། རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཤང་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གཟའ་འཁོར་རེར་ཏང་ཡོན་ཚང་མས་གད་སྙིགས་སྒྲུག་པའི་འགན་ཁུར་པས་རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོང་པར་གྱུར།
“ང་ཚོས་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་འཕྲེད་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དུད་ཚང་དུ་དྲིལ་བསྒྲགས་བྱེད་པ། པར་རིས་འགྲེམས་སྟོན་སོགས་ཀྱི་ཐབས་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ཤུགས་ཆེན་སྤེལ་ཏེ་མང་ཚོགས་ཀྱི་རྗེས་ལུས་ལྟ་བར་འགྱུར་ལྡོག་གཏོང་གི་ཡོད”ཅེས་ངོ་སྤྲོད་བྱས། ལོ་གཉིས་རིང་ཏང་ཡོན་གྱིས་རང་དཔེ་གཞན་སྟོན་བྱས་ནས་གྲི་གུ་མཚེའུ་ཡི་ཉེ་འཁོར་དང་། ཆུ་ཚན། གཞུང་ལམ་ངོགས་གཉིས་བཅས་སུ་གཅིག་སྡུད་ཐོག་མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ནས་གད་སྙིགས་ཐེངས་5000ལྷག་ཙམ་འཕྱག་པ་དང་གད་སྙིགས་ཏུན་100ལྷག་ཙམ་གཙང་སེལ་བྱས་ཡོད་པ་རེད།
ད་ཆ་གྲི་གུ་གྲོང་རྡལ་དུ་འགན་སེམས་ཆེ་བའི་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་ཁ་ཤས་བཙུགས་པ་མ་ཟད། འགན་འཁྲིའི་ཁུལ་དང་འགན་ཁུར་བ་བཀོད་སྒྲིག་གསལ་པོ་བྱས་པའི་ཐོག་སྒོའི་མདུན་གྱི“འགན་གཙང་གསུམ”གྱི་ལམ་ལུགས་སོགས་ལག་བསྟར་བྱས་ཡོད།“གཞན་ཡང་ཕྱུགས་བཀག་དང་རེས་སྐོར་ངང་ཕྱུགས་འཚོ་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པས་ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ལྷག་པར་དུ་ད་ཕན་ལོ་གཉིས་རིང་རང་སྐྱོང་ལྗོངས་ཀྱིས་རྩྭ་རའི་ཁ་གསབ་ལས་དོན་སྤེལ་ཚུན་ཁོར་ཡུག་སྲུང་སྐྱོང་ཐད་རོགས་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་དང་མང་ཚོགས་ཀྱིས་ཕྱུགས་འཚོ་ཚད་ཉུང་དུ་གཏོང་བའི་བྱེད་ཐབས་རང་མོས་ངང་ལག་བསྟར་བྱས་པར་བརྟེན་རྩྭ་ཐང་གི་གནོན་ཤུགས་ཡང་དུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད ”ཅེས་མ་ཡུས་ཧུང་གིས་དེ་ལྟར་བཤད་བྱུང་། དེ་གའི་རྩྭ་ཆུ་བཟང་ཞིང་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པ་ཞིག་ཏུ་འགྱུར་ངེས་ཡིན།
སྲོལ་རྒྱུན་གྱོན་གོས་རྒྱུན་འཛིན་ལེགས་པར་བྱས།
གྲི་གུ་གྲོང་རྡལ་ནས་རྫོང་གྲོང་དུ་སྐྱོད་སའི་སྣུམ་ནག་ལམ་སྤྱི་ལེ་50དེ་ལོ་གསུམ་གྱི་གོང་དུ་བསྐྲུན་པ་དང་གསར་འགོད་པས་རླངས་འཁོར་བསྡད་ནས་གྲོང་རྡལ་ནས་བྲག་རྩ་གྲོང་ཚོར་སྐྱོད་སྐབས་ལམ་བདེ་ལ་ལམ་བར་གྱི་ཡུལ་ལྗོངས་དེ་བས་མཛེས། གྲོང་མི་ཚོས་མྱོང་ཚོར་ཟབ་མོས་དེ་སྔ་གྲོང་རྡལ་དུ་སྐྱོད་དགོས་ཚེ་ཆུ་ཚོད་གསུམ་ལྷག་ཙམ་གྱི་རི་ལམ་བརྒྱུད་དགོས་པ་དང་ད་ཆ་རླངས་འཁོར་བསྡད་ཚེ་ཆུ་ཚོད་གཅིག་ཡང་འགོར་གྱི་མེད་ཅེས་བརྗོད་བྱུང་།
2012ལོར་གྲི་གུ་གྲོང་རྡལ་གྱི“གྲོང་ཚོ་ཚང་མར་ཁྱབ་པའི”ལས་གྲྭ་སྤྱིར་ན་མཇུག་འགྲིལ་ཏེ་སྣུམ་ནག་ལམ་གྲོང་རྡལ་ཡོངས་སུ་ཁྱབ། ང་ཚོས་བཅར་འདྲི་བྱེད་ཡུལ་གྱི“བྲག་རྩའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱན་གོས”དེ་ད་ཆ་ས་ཐག་རིང་པོ་མེད་པས་ཚང་མས་ཤེས་ཀྱི་ཡོད། བྲག་རྩ་གྲོང་ཚོར་སླེབས་སྐབས་ཐུན་མོང་མ་ཡིན་པའི་བྲག་རྩའི་རྒྱན་གོས་སྤྲས་པའི་གཞོན་ནུ་མ་འགའ་ཞིག་རྩྭ་ཐང་སྟེང་དུ་གླུ་གར་ལ་རོལ་བཞིན་འདུག
བྲག་རྩའི་རྒྱན་གོས་ནི་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོའི་རྒྱན་གོས་ཡིན་པ་དང་། བྲག་རྩའི་རྒྱན་གོས་ཐད་ཚོས་གཞི་ཁག་གསུམ་ཡོད་པ་སྟེ། ལྭ་བ་རི་མོ་ཁྲ་ཐིག་ཅན་དང་། ལྭ་བ་སྔོ་ནག་ཅན། ལྭ་བ་ཚོན་ཁྲ་ཅན་བཅས་གསུམ་དང་དུས་ཚིགས་ལ་དབྱེ་ན་རིགས་གཉིས་ཡོད་པ་སྟེ། དཔྱིད་དབྱར་རྒྱན་གོས་དང་སྟོན་དགུན་རྒྱན་གོས་རེད།
བྲག་རྩའི་རྒྱན་གོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་བྲག་རྩའི་བུད་མེད་ཀྱིས་སྤུ་ཕྲུག་ཕྱི་ནང་བསློགས་ནས་གྱོན་པ་དང་མགོ་ལ་སྣམ་བུའི་ཐིག་རིས་ཡོད་པའི་རྩེ་མེད་ཞྭ་མོ་གྱོན་པ། ཕྱི་གོས་སུ་སྣམ་བུ་ཕུ་མེད་གྱོན་གྱི་ཡོད་པ་དེ་ཡིན།
བྲག་རྩ་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གྱོན་ཆས་ཚོམས་ཆེན་དུ་ང་ཚོར་བྲག་རྩའི་གྱོན་ཆས་དང་བྲག་རྩའི་ལྷམ་འཇའ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལོ་45ལ་སླེབས་པའི་ངག་དབང་བསྟན་དར་འཕྲད་བྱུང་། ཁོང་གིས་ལོ་15ནས་རྒན་རབས་ས་ནས་བྲག་རྩའི་གྱོན་ཆས་ལ་ཚོས་རྒྱག་པ་དང་། སླས་པ། འཚེམ་པ་སོགས་སྦྱངས་ནས་ད་བར་ལོ་30སོང་ནས་ལག་རྩལ་ཚང་མ་ཁོང་དུ་ཡག་པོ་ཆུད་ཡོད།
ངག་དབང་བསྟན་དར་གྱིས་གསར་འགོད་པར“བྲག་རྩའི་བུད་མེད་ཀྱི་གྱོན་ཆས་ཆ་ཚང་གཅིག་ལ་སྒོར་5000ཟིན་གྱི་ཡོད”རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་འབད་བརྩོན་ཆེན་པོའི་འོག་བྲག་རྩའི་རྒྱན་གོས་དེ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་གཏན་འཁེལ་བྱས་ཡོད་ཅེས་བཤད་བྱུང་།
ངག་དབང་བསྟན་དར་གྱིས“ང་ལ་ལག་ཤེས་དེ་འདྲ་ཞིག་ཡོད་པར་སྤོབས་པ་སྐྱེ་གི་འདུག”ཅེས་བཤད། རྒྱན་གོས་དེས་ཁོང་ལ་དཔལ་འབྱོར་གྱི་ཡོང་འབབ་མི་ཉུང་བ་ཞིག་བྱུང་བ་དང་མིག་སྔར་ལག་ཤེས་དེ་གཞན་ལ་སློབ་རྩིས་འདུག ཁོང་གིས་མི་རིགས་ཤིག་གི་ཕུལ་བྱུང་རིག་གནས་ནི་གསོག་འཇོག་དང་རྒྱུན་འཛིན་བྱེད་དགོས་པ་དང་འཛམ་གླིང་གིས་ཤེས་པ་དང་ཁས་ལེན་ཐོབ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
བདེ་སྐྱིད་འཚོ་བས་མི་རྣམས་སྤྲོ་བ་འཕེལ།
མུ་མཐའ་མི་མངོན་པའི་གྲི་གུ་རྩྭ་ཐང་ཐོག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་རྐྱང་དང་ཁྲུང་ཁྲུང་སྐེ་ནག་དང་དེ་བཞིན་དགོ་བ་དང་། གནའ་བ། རི་བོང་། རྒོད། ངང་སེར་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་འཚོ་གནས་བྱེད་པ་དང་དེའི་ནང་རྒྱུན་དུ་མཐོང་མང་ཤོས་ནི་རྐྱང་རེད།
ད་དུང་རྩྭ་ཐང་ཐོག་གང་སར་རི་མོ་སྣ་ཚོགས་ཀྱིས་བརྒྱན་པའི་འབྲོག་པའི་སྦྲ་གུར་མཐོང་རྒྱུ་ཡོད་ཅིང་། ང་ཚོའི་བཅར་འདྲིར་རོགས་རམ་བྱེད་མཁན་མཚོ་སྨད་རྫོང་ཨུད་ཀྱི་ཧྲུའུ་ཅི་མ་ཡུས་ཧུང་གིས་གྲི་གུ་གྲོང་རྡལ་གྱིས་གྲི་གུ་མཚོ་དང་གྲི་གུའི་འབྲོག་པའི་དུས་ཆེན་སོགས་ཡུལ་སྐོར་ཐོན་ཁུངས་ལ་གང་ལེགས་བརྟེན་ནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཡུལ་སྐོར་སྤུས་རྟགས་བཏོད་ཡོད་ཅེས་བརྗོད་པ་དང་། ཁོང་གིས“སྦྲ་གུར་དེ་དག་ཚང་མ་ཡུལ་སྐོར་བར་སྣེ་ལེན་ཞུ་རྒྱུར་སྤྱོད་ཀྱི་ཡོད། ཡུལ་སྐོར་ཁོ་ནར་བརྟེན་མཁན་གྱི་འབྲོག་དུད་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་10ཙམ་རག་གི་ཡོད”ཅེས་བཤད་བྱུང་།
ད་ཆ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་པས་ལས་ལ་བརྩོན་པའི་གྲི་གུ་རྩྭ་ཐང་གི་འབྲོག་པ་ཚོའི་འཚོ་བ་ཉིན་རེ་བཞིན་ཕྱུག་ཏུ་ཕྱིན་ཡོད། ཡིན་ནའང་དེ་སྔའི་དཀའ་སྡུག་ཆེ་བའི་བརྒྱུད་རིམ་གྲི་གུ་ཡུལ་མི་ཨུ་ལྷན་གྱི་ལོ་62ལ་སླེབས་པའི་ཀྲུའུ་རེན་འཕྲིན་ལས་ཀྱི་སེམས་ལ་གསལ་པོ་ངེས་ཡོད།
“བཅིངས་འགྲོལ་མ་བཏང་གོང་ང་ཚོའི་ཁྱིམ་གྱི་ནང་མི་དྲུག་སྒེའུ་ཁུང་མེད་པའི་ས་ཕག་ཁང་པའི་ནང་སྡོད་པ་དང་གོས་ཀྱིས་ལུས་མི་དྲོད་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་གྱི་ཡོད”ཅེས་སྤྱི་ཚོགས་རྙིང་པའི་དཀའ་སྡུག་འཚོ་བ་འཕྲིན་ལས་ལ་གསལ་པོ་ཤོད་རྒྱུ་ཡོད།
དེ་ག་རང་རེད། འཕྲིན་ལས་ཀྱིས་ཀྱང་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་དུས་དེ་ནམ་ཡང་བརྗེད་མི་སྲིད། “1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་བཅས་ལས་འགན་ཨང་དང་པོར་བརྩིས་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ད་ཆ་ང་ཚོ་འབྲོག་པ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་ཚོར་ཐུབ”ཅེས་འཕྲིན་ལས་ཀྱིས་བཤད་བྱུང་།
1992ལོ་ནས་བཟུང་འཕྲིན་ལས་གྲི་གུ་གྲོང་རྡལ་གྲོང་མི་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་ནང་ཞུགས། བཅར་འདྲི་བྱེད་རིང་ཁོང་གིས“ང་རང་རྩྭ་ཐང་དུ་མི་ཚེ་གཅིག་རིང་འཚོ་བ་བསྐྱལ་བ་ཡིན་ལ། ད་ཆ་གྲི་གུ་རྩྭ་ཐང་གི་རྩྭ་ཁ་སྔོན་ཆད་ལས་ལེགས་པ་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་རེད། ང་ཚོ་འབྲོག་པ་ཚོའི་རྩྭ་ཕྱུགས་ཀྱི་འགལ་བ་སེལ་རོགས་དང་སྣོད་བཅུད་ཀྱི་གནོན་ཤུགས་ཆུང་དུ་གཏོང་རོགས་གནང་བས་ཡིན”ཞེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་བྱུང་།
འཁྲིས་སུ་ཡོད་པའི་མ་ཡུས་ཧུང་གིས་འཕྲིན་ལས་ཀྱིས་བརྗོད་པའི་སྲིད་ཇུས་ནི་2011ལོར་རྩྭ་ཐང་སྣོད་བཅུད་ཁོར་ཡུག་ལ་རྦད་དེ་འགྱུར་ལྡོག་གཏོང་བ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་ཆེད། ཀྲུང་དབྱང་གིས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་20བཏང་ནས་རྩྭ་ར་བཀག་པ་དང་འབྲོག་ཁུལ་གྱི་རྩྭ་ཁའི་སྣེ་ཁ་དང་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་བ་སོགས་ལ་བྱ་དགའ་དང་ཁ་གསབ་སྤྲོད་པ་དེར་ཟེར་གྱི་ཡོད་ཅེས་ང་ཚོར་བཤད་བྱུང་།
མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་བསྟུན་ནས་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ལོ་50ཡི་འཕེལ་རྒྱས་ཕྱིན་པ་བརྒྱུད་འབྲོག་པ་རྣམས་བདེ་སྡོད་ལས་བརྩོན་དང་ཕྱུག་འགྱུར་བྱེད་སེམས་ཆེ་རུ་ཕྱིན་ནས་གོམ་སྟབས་བརྟན་པོའི་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རྗེས་སུ་སྙེག་བཞིན་མཆིས།
འདི་ནི་བྲག་རྩ་གྲོང་ཚོའི་གྲོང་མིས་བྲག་རྩའི་གྱོན་གོས་གྱོན་ནས་རྩྭ་ཐང་དུ་གླུ་ལེན་གར་འཁྲབ་བྱེད་པ།
འདི་ནི་གྲོང་མིས་ཡུལ་སྐོར་བར“འབྲོག་ཁྱིམ་གྱི་འཚོ་བར་མྱོང་རོལ”བྱེད་པའི་སྦྲ་གུར་ཕུབ་བཞིན་པ།
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣