དབུ་ཤོག>གསར་འགྱུར།
  • ​ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བདུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-23

    དམངས་འཚོ་དམངས་སེམས་དང་འབྲེལ་བ་ཡོད་ལ་དམངས་སེམས་རྒྱལ་ཁབ་ཀྱི་ལས་དབང་དང་ཡང་འབྲེལ་བ་ཡོད། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་གལ་ཆེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་ལ་གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན། དམངས་འཚོར་དོ་ཁུར་དང་དམངས་འཚོ་ལེགས་སུ་བཏང་ཚེ་གཞི་ནས་དམངས་སེམས་ཐོབ་པ་དང་མི་སེམས་གཅིག་སྒྲིལ་ཐུབ་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཤུགས་ཆེའི་སྒུལ་ཤུགས་ཀྱང་གཅིག་སྒྲིལ་བྱེད་ཐུབ།

    “དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་བྱེད་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན”ཞེས་དང“དམངས་འཚོ་ཁྲིད་སྟོན་དུ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ས་ཁུལ་དབར་གྱི་ཧེ་བག་རིམ་གྱིས་ཆུང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་སྤོ་མགྱོགས་སུ་གཏོང་དགོས”ཞེས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཚན་རིག་གི་ནང་དོན་ཡང་གསལ་སྟོན་གནང་ཡོད།

    གོང་འཕེལ་མགྱོགས་པོ་གཏོང་རྒྱུ་དེ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་རེད། བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་འགག་རྩ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་བྱེད་རྒྱུར་ཐུག་ཡོད། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་རྩ་བའི་དམིགས་ཡུལ་ཡིན་པས་དཔལ་འབྱོར་གོང་འཕེལ་གཏོང་བར་ངེས་པར་དུ་དམངས་འཚོ་ཕྱོགས་སྟོན་དུ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། དེའང་ཕྱོགས་གཅིག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བས་ང་ཚོས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་ཡོང་བ་བྱེད་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ལུགས་གཏན་འཁེལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བོད་ལྗོངས་གོང་འཕེལ་ཡོང་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྤྱང་གྲུང་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་མཁོ་བཞིན་ཡོད། དེ་ལྟར་ཡིན་པའི་དབང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ་དེ་བོད་ལྗོངས་དར་རྒྱས་ཡོང་བའི་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་བཅོས་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་ངང་མཉམ་སྤྱོད་ཐུབ་པ་བྱེད་དགོས”ཞེས་བསྟན་ཡོད།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། རྒྱ་ཆེའི་ངལ་རྩོལ་པ་བདེ་སྡོད་ལས་བརྩོན་ཐུབ་ཚེ་ཏང་དང་སྲིད་གཞུང་ལ་གཞི་ནས་ཆེས་རྒྱ་ཁྱབ་ཀྱི་རྒྱབ་སྐྱོར་དང་བརྩི་སྲུང་ཐོབ་ཀྱི་ཡོད། མི་སེར་ཚོའི་ངོས་ནས་བརྗོད་ཚེ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱུང་པ་ནི་ཡོང་འབབ་ཀྱི་འབྱུང་ཁུངས་ཡིན་ལ་དོན་ཆེན་ཞིག་ཀྱང་རེད། དམངས་འཚོ་ལེགས་སུ་གཏོང་བར་དང་ཐོག་ལས་ཞུགས་དམ་འཛིན་བྱེད་དགོས། ཡུལ་སྐོར་ལས་རིགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས་སོགས་ས་གནས་དེ་གའི་དོན་དངོས་དང་མཐུན་པ་དང་ངལ་རྩོལ་ནུས་ཤུགས་བསྡུ་མང་བའི་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་སྟེ་ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་གཞན་སྒྱུར་བྱེད་དགོས་པ་དང་། གཙོ་གནད་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་པ་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་དགོས་པ། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་བྱས་ཐོག་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཡོངས་རྫོགས་ལས་ཞུགས་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་ཚད་གཞི་མཐོ་པོས་དམའ་རུ་གཏོང་དགོས། ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལས་ཞུགས་ལྟ་བ་བསྒྱུར་རྒྱུར་ཁྲིད་སྟོན་བྱས་ནས་རང་ཉིད་ཀྱི་ལས་གཏོད་གསར་གཏོད་དང་ལས་བརྩོན་ཕྱུག་འགྱུར་ལ་བརྟེན་ནས་ཡོང་འབབ་མང་དུ་དང་འཚོ་བ་ལེགས་སུ་འགྲོ་བ་བྱེད་དགོས།

    སློབ་གསོ་ནི་དམངས་འཚོའི་རྨང་གཞི་ཡིན། སློབ་གསོ་ནི་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ཕན་སྦྱར་ལས་གཞི་ཞིག་ཡིན་ལ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་བྱ་གཞག་ཞིག་ཀྱང་ཡིན་པས་དེང་རབས་ལས་རིགས་སློབ་གསོ་གོང་འཕེལ་མགྱོགས་མྱུར་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“ལས་རིགས་སློབ་གསོར་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དམ་འཛིན་བྱེད་པ་དང་། ལས་རིགས་སློབ་གསོར་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ། ལས་རིགས་སློབ་གསོར་དམ་འཛིན་བྱེད་པ་ནི་དམངས་འཚོར་དམ་འཛིན་བྱེད་པ། ལས་རིགས་སློབ་གསོར་དམ་འཛིན་བྱེད་པ་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི”འདུ་ཤེས་བརྟན་པོ་བཙུགས་ནས་རྩལ་ནུས་གསོ་སྦྱོང་གི་ཁྲིད་ཕྱོགས་མངོན་གསལ་དོད་པ་དང་། སློབ་ཁྲིད་བྱེད་ཐབས་སྒྱུར་བཅོས། སློབ་ཁྲིད་བྱ་ཐབས་གསར་གཏོད་བཅས་ཀྱི་ཐོག་ནས་སྨན་དོན་དང་། གློག་ལས་བཟོ་པ། ཤིང་བཟོ་བ། མ་བྱན། ལྷ་འབྲི་བ། གློག་ཆས་དང་འཁོར་རིགས་ཉམས་བཟོ་བ་སོགས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པ། སློབ་གླིང་དང་སློབ་གྲྭ་དཀྱུས་མས་རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་དང་ཤེས་ལྡན་མི་སྣའི་ཁྲོམ་རས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་བཏོན་པའི་བླང་བྱ་གསར་པ་དང་འཚམ་པ་བྱས་ནས་ལས་ཞུགས་ཀྱི་དགོས་མཁོར་གཞི་བཙུགས་ནས་རིག་ཚན་གྱི་གྲུབ་ཆ་ལེགས་སྒྲིག་དང་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་མཁོ་བའི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས།

    དབུལ་སྐྱོར་ནི་དམངས་འཚོའི་ལས་གཞི་གཙོ་བོ་ཡིན། ལོ་རྒྱུས་དང་རང་བྱུང་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱིས་བོད་ལྗོངས་འདི་ཉིད་སྔར་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་པ་དང་དབུལ་སྐྱོར་གསར་སྤེལ་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་ཀྱང་ས་ཁུལ་དབུལ་པོར་གནས་ཡོད། དབུལ་སྐྱོར་གསར་སྤེལ་བྱེད་པར་གཙོ་བོ་གནད་སྨིན་ཐུབ་མིན་ལ་ཐུག་པ་དང་འགག་རྩ་གནད་སྨིན་ཐུབ་མིན་ལ་ཐུག་ཡོད་ལ་ཕན་འབྲས་ཐོན་མིན་ཡང་གནད་སྨིན་ཐུབ་མིན་ལ་ཐུག་ཡོད། ཁྱིམ་ཚང་གི་གནས་ཚུལ་གསལ་པོ་རྟོགས་པ་དང་། བསམ་ཕྱོགས་གསལ་འབྱེད་བྱེད་པ། དབུལ་པོའི་མི་གྲངས་གནད་སྨིན་ངང་གསལ་འབྱེད་ཐུབ་པ། དབུལ་པོ་ཆགས་ཚུལ་གནད་སྨིན་ངང་དབྱེ་ཞིབ་བྱེད་པ། དབུལ་པོའི་མི་གྲངས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་པ་བཅས་བྱས་ནས་རྣག་ཐོག་བཙག་འཁེལ་དང་། གནད་སྨིན་ལས་སྒྲུབ། གནད་འཁེལ་དབུལ་སྐྱོར་བཅས་བྱེད་དགོས། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་དང་སྲིད་གཞུང་གི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ་རིགས་དབྱེའི་མཛུབ་ཁྲིད་ཀྱིས་དུད་ཚང་རེར་བྱ་ཐབས་རེ་བཏོན་ཏེ་གང་ཞིག་མེད་ན་དེ་གསབ་ཐུབ་པ་བྱས་ནས་ཁྱིམ་ཚང་རེ་རེའི་དཀའ་ངལ་སེལ་དགོས། གཞན་བརྟེན་དང་རང་བརྟེན་ཟུང་འབྲེལ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟུང་འབྲེལ། སྲིད་གཞུང་གི་ཐོན་ཁུངས་དང་ཕྱོགས་ཁག་གི་ཐོན་ཁུངས་ཕན་ཚུན་ཟུང་འབྲེལ། ལས་བརྩོན་ཕྱུག་འགྱུར་དང་སྣེ་ཁྲིད་ཕྱུག་འགྱུར་ལ་སྐུལ་ལྕག་བྱ་རྒྱུ་དང་ཟོལ་མེད་དབུལ་སྐྱོར་དང་སྔོན་ཕྱུག་རྗེས་ཁྲིད་ཟུང་འབྲེལ། གནས་སྤོ་དབུལ་སྐྱོར་དང་མཐའ་སྲུང་ས་སྲུང་ཟུང་འབྲེལ་བཅས་ཀྱི་ཐོག་ནས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཕན་ཚུན་རམ་འདེགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་པ་ཞིག་ཆགས་པ་བྱས་ཐོག་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་དེར་རྒྱལ་ཁ་ཐོབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།