དབང་པོ་སྐྱོན་ཅན་ལས་ཞུགས་འགན་ལེན་དངུལ་བསྡུ་སྤྱོད་དོ་དམ་ཚད་ལྡན་ཡོང་ཆེད། ཉེ་ཆར་ནོར་སྲིད་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ 《དབང་པོ་སྐྱོན་ཅན་ལས་ཞུགས་འགན་ལེན་དངུལ་བསྡུ་སྤྱོད་དོ་དམ་བྱ་ཐབས》པར་འགྲེམས་བྱས་ཤིང་། བྱ་ཐབས་འདི་2015ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
བྱ་ཐབས་ནང་འགན་ལེན་དངུལ་ནི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོབ་བྱ་ཆེད་ཡིན། དེ་ནི་གཏན་འབེབས་བཞིན་དབང་པོ་སྐྱོན་ཅན་ལས་ཞུགས་མ་བྱས་པའི་ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཀྱིས(གཤམ་ལ་བསྡུས་མིང་དུ་མི་སྤྱོད་ཚན་པ་ཞེས་བརྗོད་རྒྱུ) འཇལ་བའི་དངུལ་ཞིག་ཡིན། མི་སྤྱོད་ཚན་པས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་གི་བསྡུར་ཚད་དེ་ཚན་པ་འདི་གའི་ལས་ཐོག་གི་ལས་བཟོའི་བསྡོམས་འབོར་གྱི་1.5%ལས་མི་ཉུང་བ་དགོས། ཞིབ་ཕྲའི་བསྡུར་ཚད་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་འདི་གའི་གནས་ཚུལ་ལ་གཞིགས་ནས་གཏན་འབེབས་བྱས་ཆོག མི་སྤྱོད་ཚན་པས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པ་གཏན་འབེབས་ཀྱི་བསྡུར་ཚད་མ་ལོན་པའི་རིགས་ལ་ངེས་པར་དུ་འགན་ལེན་དངུལ་འཇལ་དགོས།
བཟོ་ཚོང་ཁང་ལ་ཐོ་བཀོད་ནས་ལོ་གསུམ་ནང་ཚུན་ལ་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པ་གཏན་འབེབས་ཀྱི་བསྡུར་ཚད་མ་ལོན་པ་དང་ལས་ཀར་འགྲོ་མུས་ཀྱི་ལས་བཟོ་བསྡོམས་འབོར་མི་གྲངས་20(20ཚུད་པ)མན་ཟིན་རིགས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་འགན་ལེན་དངུལ་བསྡུ་རྒྱུ་རྩ་ཆག་གཏོང་ཆོག